ཟླ་5པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཨན་ཧུའེ་རུ་རྟོག་ཞིབ་གནང་། པར་འདི་ནི་ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་སྔོན་ཐོན་ལག་རྩལ་ཞིབ་འཇུག་གླིང་དུ་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་སྤོ་སྒྱུར་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། ཚན་རིག་ཞིབ་འཇུག་སྒྲིག་ཆས་དང་ལག་རྩལ་ཐོན་རྫས་འགྲེམ་སྟོན་ལ་ལྟ་བཞིན་པའི་ཚུལ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ5པའི་ཚེས10ཉིན་ཨན་ཧུའེ་རུ་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་སྐོར་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། སྐོར་ཐེངས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་སྒྱུར་གྱི་འགྲོ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྤེལ་མངོན་འགྱུར་བྱེད་པ། ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་གསར་གཏོད་ལ་སྣེ་ཁྲིད་བྱེད་པ། ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་འཕེལ་རྒྱས་སུ་བཏང་སྟེ། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏོང་དགོས།
ལིས་ཆང་ཐོག་མར་ཀྲུང་གོ་ཚན་རིག་གླིང་ཚད་རྡུལ་ཆ་འཕྲིན་དང་ཚད་རྡུལ་ཚན་རྩལ་གསར་གཏོད་ཞིབ་འཇུག་གླིང་དུ་སོང་ནས། ཞིབ་འཇུག་གླིང་འཛུགས་སྐྲུན་དང་འཕེལ་རྒྱས་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། ཁྱབ་ཁོངས་གཙོ་བོའི་ཚན་རིག་ཞིབ་འཇུག་སྤེལ་ཚད་ལ་རྒྱུས་ལོན་གསལ་བོ་བྱས་ཤིང་། ཚན་རིག་ཞིབ་འཇུག་མི་སྣ་དང་བསམ་བློ་བརྗེ་རེས་བྱས། ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་སྔོན་ཐོན་ལག་རྩལ་ཞིབ་འཇུག་གླིང་དུ། ལིས་ཆང་གིས་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་སྤོ་སྒྱུར་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། ཚན་རིག་ཞིབ་འཇུག་སྒྲིག་ཆས་དང་ལག་རྩལ་ཐོན་རྫས་འགྲེམ་སྟོན་ལ་བལྟས་ཤིང་། སྐྱོང་སྤེལ་ཁེ་ལས་ཀྱི་འགན་ཁུར་མི་སྣ་དང་བཞུགས་མོལ་མཛད་དེ། ཁེ་ལས་སྐྱེད་སྲིང་དང་ཤེས་ལྡན་མི་སྣ་ནང་འདྲེན་དང་སྐྱེད་སྲིང་གི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ལིས་ཆང་གིས་ནན་གྱིས་བསྟན་དོན། དེང་སྐབས་འཛམ་གླིང་གི་ཚན་རྩལ་གསར་གཏོད་ཐད་ཉིན་རེ་དང་ཟླ་རེ་བཞིན་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པས། ཚན་རྩལ་གྱི་མདུན་གྲས་ཀྱི་ཁ་ཕྱོགས་དང་འཕེལ་རྒྱས་ཀྱི་རྣམ་པར་གོ་བ་ཡང་དག་ལེན་པ་དང་། མདུན་ལྟ་རང་བཞིན་གྱི་བཀོད་སྒྲིག་ལ་སྔར་ལས་ཤུགས་སྣོན་པ། གོ་སྐབས་བརྩོན་ལེན་བྱས་ནས། འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་སྔར་ལས་མང་བོ་དམ་འཛིན་བྱེད་དགོས། རྒྱལ་ཁབ་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། དོ་དམ་རྐྱེན་སྲོལ་ལེགས་སྒྱུར་དང་བཀོལ་སྤྱོད་བཟང་བོ་བྱེད་པ། རྨང་གཞིའི་ཞིབ་འཇུག་ཐད་དུ་མ་དངུལ་གཏོང་ཚད་རྒྱུན་མཐུད་ངང་ཇེ་མང་དུ་བཏང་སྟེ། གསར་གཏོད་འཕེལ་རྒྱས་ཐད་རྨང་གཞིའི་འདེགས་སྐྱོར་དང་འགོ་ཁུངས་ཀྱི་མཁོ་འདོན་འདོན་སྤྲོད་བྱེད་དགོས། ལིས་ཆང་གིས་བསྟན་དོན། ཚན་རྩལ་གྱི་སྐྱེ་སྟོབས་དེ་མཁོ་སྤྱོད་བྱེད་པ་དང་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པའི་ཐད་ནས་བྱུང་བ་ཡིན་པས། ཚན་རྩལ་སྒྲིག་གཞི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྟེང་འཚོལ་ཞིབ་འགག་སྒྲོལ་བྱེད་པ་དང་། ཐོན་སློབ་ཞིབ་སྤྱོད་མཉམ་བསྲེས་ཟབ་མོ་བྱེད་པའི་སྟེགས་བུ་བཙུགས་ནས། ཚན་རྩལ་གྱི་གྲུབ་འབྲས་དེ་མངོན་སུམ་གྱི་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། ཤེས་ལྡན་མི་སྣའི་ནུས་ཁུངས་དང་པོ་འདི་གཙིགས་སུ་འཛིན་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་ནང་འདྲེན་བྱས་ཏེ། ཁོ་ཚོས་སེམས་རྣལ་ལ་ཕབ་ནས་ཚན་རིག་ཞིབ་འཇུག་བྱེད་པར་ཆ་རྐྱེན་སྔར་ལས་བཟང་བོ་བསྐྲུན་དགོས།
ཨན་ཧུའེ་དབྲག་འཁོར་སྡེ་ཚོགས་ཚད་ཡོད་འགན་ལེན་ཀུང་ཟི་དང་ཁྲང་ཞིན་ཚན་རྩལ་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟི་རུ། ལིས་ཆང་གིས་ཁེ་ལས་ཀྱི་འཕེལ་རྒྱས་ལོ་རྒྱུས་དང་ལས་གཞིའི་བཀོད་སྒྲིག་སོགས་ཀྱི་ངོ་སྤྲོད་ལ་ཉན་པ་དང་། ཐོན་སྐྱེད་སྒྲུབ་རིམ་དང་ཐོན་རྫས་འགྲེམ་སྟོན་ལ་བལྟས་ཤིང་། ཐོན་རྫས་ཀྱི་ནུས་པ་དང་ཞིབ་སྤེལ་དངུལ་གཏོང་། ཚོང་རའི་ཉོ་འཚོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཁེ་ལས་ཀྱིས་རྒྱུན་མཐུད་ངང་གསར་གཏོད་འགག་སྒྲོལ་བྱས་པར་དགའ་སྤྲོ་ཆེན་པོ་སྐྱེས་པའི་ཚུལ་བསྟན་པ་དང་། ཁོ་ཚོས་རྒྱལ་ཁབ་འཐབ་ཇུས་ཀྱི་དགོས་མཁོ་ལ་དམིགས་ནས། ཆེད་ལས་དོ་སྣང་བྱེད་པ་དང་རྒྱུན་མཐུད་ངང་འབད་འཐབ་བྱས་ཏེ། འཕེལ་རྒྱས་ཀྱི་བར་སྟོང་གསར་པ་བསྐྲུན་རྒྱུའི་སྐུལ་མ་བཏང་། ལིས་ཆང་གིས་བསྟན་དོན། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ནུས་པ་མཐོར་འདེགས་གཏོང་ན། གནད་འགག་གསར་གཏོད་ཕྲེང་འབྲེལ་དང་ཐོན་ལས་ཕྲེང་འབྲེལ་སྦྲེལ་མཐུད་བྱེད་པར་ཐུག་ཡོད་པས། ཁེ་ལས་ཀྱི་གསར་གཏོད་གཙོ་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁེ་ལས་ཀྱི་གསར་གཏོད་འཕེལ་རྒྱས་ལ་ཕན་པའི་སྐྱེ་ཁམས་བསྐྲུན་པ། རིགས་མི་འདྲ་བའི་ཐོན་ཁུངས་སྣ་ཚོགས་གཅིག་བསྡུ་བྱས་ནས། ཁེ་ལས་ཀྱི་སྲོག་ཤིང་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་བར་རྒྱབ་སྐྱོར་བྱེད་དགོས། སྲོལ་རྒྱུན་བཟོ་སྐྲུན་ལས་རིགས་ཀྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། གཞི་གྲངས་ཅན་དུ་ཚུལ་སྒྱུར་བྱེད་པ། ལག་རྩལ་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་ནས། མཐོ་རིམ་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། གསར་དར་ཐོན་ལས་དང་མ་འོངས་ཐོན་ལས་སྐྱེད་སྲིང་བྱེད་པ་དང་། གནད་འགག་སྲོག་ཤིང་ལག་རྩལ་གྱི་མཁྲེགས་གཏོར་བྱེད་ཤུགས་ཇེ་ཆེར་གཏོང་བ། ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གྱི་རང་བདག་ཚོད་འཛིན་ནུས་པ་ཇེ་དྲག་ཏུ་གཏོང་བ། ལག་རྩལ་གསར་པ་དང་ཐོན་རྫས་གསར་པ། ཞབས་ཞུ་གསར་པ་སྔར་ལས་མང་པོས་དགོས་མཁོ་སྐོང་བ་དང་དགོས་མཁོ་བསྐྲུན་ནས། དཔལ་འབྱོར་རྒྱུན་མཐུད་ངང་འཕར་སྣོན་འབྱུང་ཆེད་སྒུལ་ཤུགས་གསར་པ་སྣོན་དགོས།
ལིས་ཆང་གིས་ཨན་ཧུའེ་ཡི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པ་དང་། ཨན་ཧུའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཨན་ཧུའེ་ཡི་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་གཏིང་ཟབ་ཏུ་སྤེལ་བ། སྒུལ་ནུས་གསར་པ་སྐྱེད་སྲིང་དང་གོང་འཕེལ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
ཝུའུ་ཀྲིན་ལུང་གིས་མཉམ་དུ་རྟོག་ཞིབ་བྱས།
རིན་ཆེན་མཚོས་བསྒྱུར།