རྒྱལ་ཡོངས་སྲིད་གྲོས་ཀྱིས་མི་གྲངས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་པ་རྒྱུན་འཁྱོངས་བྱེད་པའི་ཆེད་དོན་གྲོས་མོལ་ཚོགས་འདུ་བསྡུས།
2024.05.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་ལྔ་པའི་ཚེས་བཅུ་གཅིག་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ་མི་གྲངས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་བརྟེན་ནས།   ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་པ་རྒྱུན་འཁྱོངས་བྱེད་པའི་ཆེད་དོན་གྲོས་མོལ་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས་བཅུ་གཅིག་ཉིན་པེ་ཅིང་དུ་མི་གྲངས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་པ་རྒྱུན་འཁྱོངས་བྱེད་པའི་ཆེད་དོན་གྲོས་མོལ་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་དུ་འགྲེང་ནས། རང་རྒྱལ་གྱི་མི་གྲངས་འཕེལ་རྒྱས་དང་འགྱུར་ལྡོག་གནས་བབ་ལ་རྒྱུས་ལོན་ཟབ་མོ་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་མི་གྲངས་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ལ། དུས་བབ་དང་བསྟུན་ནས་རིམ་པ་བཞིན་བུ་བཙའ་སྲིད་ཇུས་ལེགས་སྒྲིག་འཐུས་ཚང་དུ་གཏོང་བ་དང་མི་གྲངས་དུས་ཡུན་རིང་བོར་དོ་མཉམ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ཇུས་ཆོད་ཕྱིར་བཏོན་ནས། རང་རྒྱལ་གྱི་མི་གྲངས་བྱ་བའི་བསམ་ཕྱོགས་དང་བྱེད་ཐབས་ཐད་ཀྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་མངོན་འགྱུར་བྱས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་གྲངས་འཕེལ་རྒྱས་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་གཉིས་ཀྲུང་གུང་ཀྲུང་དབྱང་གི་མི་གྲངས་དུས་ཡུན་རིང་བོར་དོ་མཉམ་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། དུས་རབས་གསར་པའི་མི་གྲངས་བྱ་བ་བཟང་བོར་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་ཇེ་བརྟན་དུ་གཏོང་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། མི་གྲངས་འཕེལ་རྒྱས་དེ་ཀྲུང་ཧྭ་མི་རིགས་ཀྱི་ཡུན་མཐུད་འཕེལ་རྒྱས་ལ་འབྲེལ་བ་ཡོད་པ་དང་། མི་དམངས་སྲིད་གྲོས་ཀྱིས་མི་གྲངས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་བརྟེན་ནས།   ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་པའི་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་དམིགས་ཏེ་ཤུགས་འདོན་ཇུས་འབུལ་བྱེད་དགོས། གྲོས་མོལ་སྲིད་གླེང་གི་གཞུང་ལུགས་འདེགས་སྐྱོར་དང་རྟོག་ཞིབ་རྩོད་སྒྲུབ་དང་ཇུས་འབུལ་གྱི་ཕན་འབྲས་ཇེ་དྲག་ཏུ་གཏོང་བ་དང་། མར་ཁེ་སི་རིང་ལུགས་ཀྱི་མི་གྲངས་གཞུང་ལུགས་བཀོལ་སྤྱོད་བྱེད་པ། རང་རྒྱལ་གྱི་མི་གྲངས་འཕེལ་རྒྱས་ཐད་ཀྱི་འགྲོ་ཕྱོགས་གསར་པ་དང་མངོན་པའི་ཁྱད་ཆོས་གསར་པ། མདུན་དུ་ལྷགས་པའི་གནད་དོན་དབྱེ་ཞིབ་བྱེད་པར་མཛུབ་སྟོན་བྱེད་པ། ཐབས་ཇུས་གྲོས་གཞིའི་ལག་བསྟར་བྱེད་ཆོག་པའི་རྩོད་སྒྲུབ་དང་ཕན་འབྲས་རང་བཞིན་གྱི་དབྱེ་ཞིབ་ལ་ཤུགས་བསྣན་ནས། ཇུས་ཆོད་གནད་ལ་འཁེལ་བ་འདོན་པ་དང་། རྒྱལ་སྐྱོང་སྲིད་འཛིན་བྱེད་པར་རོགས་རམ་གནད་ལ་འཁེལ་བ་བྱེད་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བརྒྱ་ཙམ་ཚོགས་འདུ་ལ་ཞུགས་པ་དང་། རྒྱལ་ཡོངས་སྲིད་གྲོས་མི་གྲངས་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱིས་ཆེད་དོན་རྟོག་ཞིབ་ཀྱི་གནས་ཚུལ་ངོ་སྤྲོད་བྱས། སྲིད་གྲོས་ཨུ་ཡོན་དང་ཆེད་མཁས་པ་ཉེར་གསུམ་གྱིས་གཏམ་བཤད། ཚང་མས་ཏང་གི་མི་གྲངས་བྱ་བའི་ཐད་ཀྱི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། མི་གྲངས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་འདོམས་བྱེད་པ། རྒན་གསོའི་མ་དཔེ་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ། བུ་བཙའ་གསོ་སྐྱོང་ཞབས་ཞུ་འཐུས་ཚང་དུ་གཏོང་བ། ཁྱིམ་ཚང་དང་སློབ་གྲྭ སྤྱི་ཚོགས་མཉམ་འབྲེལ་གྱི་མི་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། དེང་རབས་ལས་རིགས་སློབ་གསོའི་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། མི་གྲངས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་གྲོས་མོལ་ཇུས་འབུལ་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་གྲངས་གནད་དོན་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། དུས་བབ་དང་གནས་བབ་ལ་བསྟུན་ནས་བུ་བཙའི་སྲིད་ཇུས་དང་དེའི་ཆ་སྡེབས་ཀྱི་རྒྱབ་སྐྱོར་བྱེད་ཐབས་ལེགས་སྒྲིག་ལེགས་སྒྱུར་བྱས་ནས། འོས་འཚམ་གྱི་བུ་བཙའི་ཆུ་ཚད་དང་མི་གྲངས་ཀྱི་གཞི་ཁྱོན་སྲུང་འཛིན་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་དང་ལྡན་པའི་འདེགས་སྐྱོར་འདོན་སྤྲོད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། རང་རྒྱལ་གྱི་མི་གྲངས་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་གནས་བབ་གསར་པར་ཕྱོགས་ཡོངས་ནས་ངོས་འཛིན་བྱེད་པ་དང་ལྟ་སྟངས་ཡང་དག་འཛིན་པ། རྒྱལ་ཁབ་ཀྱི་གནས་ཚུལ་དང་འཕེལ་རྒྱས་ཀྱི་དུས་རིམ་ལ་རྐང་འཛུགས་པ། མི་གྲངས་ཀྱི་སྲིད་ཇུས་ལ་ཇུས་འགོད་དང་གཏན་འབེབས་བྱེད་པ། བུ་བཙའི་རྒྱབ་སྐྱོར་བྱེད་ཐབས་ཀྱི་ཁ་གཏད་རང་བཞིན་དང་ཕན་ལྡན་རང་བཞིན་མཐོར་འདེགས་སུ་བཏང་སྟེ། བུ་བཙའ་དང་གསོ་སྐྱོང་། སློབ་གསོ་བཅས་ཀྱི་མ་རྩ་ཇེ་དམའ་རུ་གཏོང་དགོས། མི་གྲངས་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ལོ་ལོན་དང་བྱིས་པའི་ཞབས་ཞུའི་འགན་སྲུང་བཟང་བོར་བསྒྲུབ་པར་གཅིག་འདོམས་བྱེད་པ། བུ་བཙའ་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། བྱང་ཚད་བཟང་བ་དང་སྤྱིའི་གྲངས་ཚད་འདང་བ། གྲུབ་ཚུལ་ལེགས་བསྒྱུར་དང་ཁྱབ་ཚུལ་ལུགས་མཐུན་ཡིན་པའི་མི་གྲངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་མྱུར་དུ་གྲུབ་པར་བྱས་ནས། མི་གྲངས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥིན་གྱིས་སྔ་དྲོའི་ཚོགས་འདུར་མགོ་འཛིན་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་ཧྲིན་ཡུའེ་ཡུའེ། ཝང་ཡུང་། ཀྲིའུ་ཆང་། ཁྲིན་ཝུའུ། ཝང་ཏུང་ཧྥིན། ཝང་ཀོང་ཆན། དབྱང་ཀྲིན་བཅས་ཚོགས་འདུར་ཞུགས། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཚོགས་འདུར་ཞུགས་ནས་བསམ་འཆར་གྲོས་གཞི་ལ་ཉན་པ་དང་། སྲིད་གྲོས་ཨུ་ཡོན་དང་གྲོས་མོལ་བརྗེ་རེས་བྱས།

རིན་ཆེན་མཚོས་བསྒྱུར།