དུས་རབས་གསར་པའི་བསམ་བློ་ཆབ་སྲིད་སློབ་གསོའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས།
2024.05.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཁྲིད་འཛུགས་སྐྲུན་ཐད་མཛུབ་སྟོན་གལ་ཆེན་གནང་ནས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་བསམ་བློ་ཆབ་སྲིད་འཛུགས་སྐྲུན་བྱ་བར་གནས་བབ་གསར་པ་དང་ལས་འགན་གསར་པ་འཕྲད་ཡོད་པའི་དབང་གིས། ངེས་པར་དུ་ཉམས་སྣང་གསར་པ་དང་བྱས་རྗེས་གསར་པ་འཇོག་དགོས། རྒྱལ་ཡོངས་ཀྱི་སློབ་གསོའི་འཐབ་ཕྱོགས་ཀྱིས་ཀུན་སྤྱོད་འཛུགས་སྐྱོང་དང་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་ནན་མོ་བྱས་ཏེ། བདེན་སྲུང་གསར་གཏོད་ལ་བརྟེན་ནས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྲུན་གྱི་ནང་སྙིང་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། བསམ་བློ་ཆབ་སྲིད་སློབ་ཚན་སློབ་ཁྲིད་ཀྱི་དམིགས་འབེན་རང་བཞིན་དང་ཡིད་དབང་འགུག་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་སྟེ། ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་འཇོན་མི་གསོ་སྐྱོང་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས་ཞེས་ནན་གྱིས་གསུངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭ་ཚང་མས་རང་རྟོགས་སྒོས་གཙོ་འགན་འཁུར་ནས། དུས་རབས་གསར་པའི་བསམ་བློ་ཆབ་སྲིད་སློབ་གསོའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་ནས།  ཏང་གི་ཞེ་བློ་བདེ་བ་དང་རྒྱལ་གཅེས་ཡིན་ལ་ལེགས་སྐྱེས་འབུལ་ཐུབ་པ། མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་མོ་འཁུར་ཕོད་པ་བཅས་ཀྱི་དུས་རབས་ཀྱི་མི་གསར་པ་སྔར་ལས་གང་མང་གསོ་སྐྱོང་གང་ལེགས་བྱེད་དགོས་ཞེས་ནན་གྱིས་གསུངས། སྤྱི་ཁྱབ་ཧྲུའུ་ཅིས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ཐད་མཛུབ་སྟོན་གལ་ཆེན་གནང་བ་དེར་རྒྱ་ཆེའི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་ཚོའི་ཁྲོད་དུ་ཚུར་སྣང་ཆེན་པོ་བསླངས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་མོ་འཁུར་ཐུབ་མཁན་གྱི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་བསྡད་དེ། བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་བྱ་རྒྱུར་བླང་བྱ་གལ་ཆེན་ཐེངས་མང་བཏོན་པ་དང་། རྒྱལ་ཡོངས་མཐོ་རིམ་སློབ་ཆེན་བསམ་བློ་ཆབ་སྲིད་ལས་དོན་ཚོགས་འདུ་དང་དུས་རབས་གསར་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་སྐུལ་སྤེལ་ཚོགས་འདུའི་སྟེང་མངགས་བཅོལ་ནན་མོ་གནང་བར་མ་ཟད། སློབ་གྲྭར་རྟོག་ཞིབ་ཐེངས་མང་གནང་ནས་བསམ་བློ་ཆབ་སྲིད་སློབ་ཚན་ལེགས་པར་གཉེར་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས། དུས་རབས་གསར་པར་སླེབས་པ་ནས་བཟུང་། སློབ་གསོའི་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་བླ་སྲོག་བསྐྲུན་ཏེ་མི་གསོ་སྐྱོང་བྱ་རྒྱུར་དམ་པོར་དམིགས་ནས། བསམ་བློ་ཆབ་སྲིད་སློབ་ཚན་གྱི་སློབ་དེབ་འཛུགས་སྐྱོང་ཐད་རྒྱུན་ཆད་མེད་པར་འཕེལ་རྒྱས་གང་ལེགས་བྱུང་ཡོད། མིག་སྔར་རང་རྒྱལ་གྱི་ས་གནས་སོ་སོའི་མཐོ་རིམ་སློབ་ཆེན་གྱིས་ཕྱོགས་ཡོངས་ནས“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྤྱི་བཤད”ཅེས་པའི་སློབ་ཚན་བཀོད་སྒྲིག་བྱས་ཡོད་ལ། སློབ་དེབ་གཅིག་གྱུར་བྱས་ནས་དཔེ་སྐྲུན་བྱས་པར་མ་ཟད། ད་དུང་སློབ་གྲྭ་ཆེན་མོ་དང་སློབ་གྲྭ་ཆུང་འབྲིང་གི《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སློབ་མའི་ཀློག་དེབ》རྩོམ་སྒྲིག་དཔེ་སྐྲུན་བྱས་ཏེ། སློབ་གྲྭ་ཆེན་མོ་དང་སློབ་གྲྭ་ཆུང་འབྲིང་གི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་བཏང་།

བདེན་སྲུང་གསར་གཏོད་ལ་བརྟེན་ནས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་གི་ནང་དོན་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞིས་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་སློབ་མ་ཚོས་ལོ་རྒྱུས་ཀྱི་ཁྲོད་ནས་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། “ནུབ་ཕྱོགས་སུ་སྤོས་པའི་བསམ་པའི་རྟོག་བཟོའི་ཉམས་ལེན་ལྟེ་གནས”ཀྱི་ཆེད་སྤྱོད་ཁུལ་དུ། ལོ་རབས་ལྔ་བཅུ་པར“རྒྱབ་ཁུག་ཁུར་ནས་ལམ་ལ་ཆས”ཏེ། མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་གནས་སུ་བསྐྱོད་དེ། བྱས་རྗེས་འཇོག་གིན་པའི་ཚ་ཚ་འུར་འུར་གྱི་ལང་ཚོའི་ཉམས་སྣང་མྱོང་ཚོར་བྱས།  དུས་རབས་གསར་པའི་གཏམ་རྒྱུད་ཡག་པོ་འཆད་པའི་སྐོར་ནས་ཧྲང་ཧའེ་དང་ཧྥུའུ་ཏན་སློབ་ཆེན་གྱིས་སློབ་སྐབས་གསར་པའི་ནང་དུ།《རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བའི་བགྲོད་ལམ་སྟེང་གི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་མོ》ཞེས་པ་ཞིག་གཉེར་ནས། ཆེད་དོན་སློབ་ཚན་ཆེན་པོ་ནས་དཔལ་འབྱོར་ཆེད་མཁས་པ་དང་ངོ་འཕྲད་ནས་གླེང་མོལ་བྱེད་པ། འཛིན་གྲྭ་ཆུང་བ་བཅས་བར་གྱི་རྨང་གཞིའི་ཞིབ་འཇུག་གིས་ཇི་ལྟར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རོགས་རམ་བྱ་རྒྱུར་གྲོས་བསྡུར་འཚོལ་ཞིབ་བྱས་ཏེ། སློབ་མ་ཚོར་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་ལག་ལེན་སྟོབས་ཤུགས་ཆེན་པོ་རྟོགས་རྒྱུར་ཁྲིད་སྟོན་བྱས།

བསམ་བློ་ཆབ་སྲིད་སློབ་ཚན་ཆེན་པོས་ཁྱོན་ཡོངས་ནས་མི་གསོ་སྐྱོང་བྱེད་པའི་རྣམ་པ་གསར་པ་རྒྱ་སྐྱེད་གཏོང་བ་དང་། བསམ་བློ་ཆབ་སྲིད་སློབ་ཚན་ཆུང་གྲས་དང་སྤྱི་ཚོགས་སློབ་ཚན་ཆེན་པོ་ཟུང་འབྲེལ་བྱས་ཏེ། སློབ་མས་རྒྱལ་ཁབ་ཀྱི་གནས་ཚུལ་དང་དམངས་ཀྱི་གནས་ཚུལ་སྔར་ལས་ཤེས་རྟོགས་གང་ལེགས་བྱེད་པ་དང་། ཕུགས་བསམ་དང་དད་སེམས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས། ཉིང་ཞ་ཀུའུ་ཡོན་དུ། “ལེ་དབར་བརྒྱ་ཡི་དཔའ་བོ་ལ་མཆོད་འབུལ་བྱེད་པ”དང“འགྲོ་སྐྱོད་བསམ་བློ་ཆབ་སྲིད་སློབ་ཚན”དྲ་གྲགས་ཀྱི་སྤུས་རྟགས་ཤིག་ཏུ་གྱུར་ཡོད། ཧྥུའུ་ཅན་དང་ཞ་མོན་སློབ་ཆེན་གྱིས་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་ལ་བརྟེན་ནས། “ཧྥུའུ་ཅན་བརྒྱད་དུ་བསྐྱོད་པའི”ལག་ལེན་སློབ་ཁྲིད་བྱེད་སྒོ་སྤེལ་ཏེ། སློབ་མའི་ཕུགས་འདུན་གྱི་མེ་ཁ་གསོས། ཡུན་ནན་དུ། ཡུན་ནན་ཞིང་ལས་སློབ་ཆེན་གྱིས་སློབ་མས་ཞིང་ཁ་རུ་དམངས་འཚོར་འགྲེལ་བཤད་རྒྱག་པ་དང་ཤེས་བྱ་བཅོས་སྐྱོང་བྱ་རྒྱུར་ཁྲིད་སྟོན་གང་ལེགས་བྱས་ནས། ཞིང་ལས་ལ་མཁོ་བའི་གཅེས་སེམས་ཟབ་མོ་འཛུགས་བཞིན་ཡོད།

བསམ་བློ་ཆབ་སྲིད་སློབ་ཚན་ཡག་པོ་གཉེར་རྒྱུའི་འགག་རྩ་ནི་དགེ་རྒན་ལ་རག་ལས་ཡོད་ཅིང་། ཆེས་གནད་འགག་ནི་དགེ་རྒན་གྱི་ཧུར་བརྩོན་རང་བཞིན་དང་རང་རྟོགས་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱ་རྒྱུར་འབྲེལ་བ་ངེས་ཅན་ཡོད།  2024ལོའི་ཟླ3པར་བསམ་བློ་ཆབ་སྲིད་དགེ་རྒན་འཚར་ལོངས་བྱུང་བ་མཚོན་ཐུབ་པའི་གློག་བརྙན《ང་དགེ་རྒན་ཞིག་བྱེད་དགོས》ཞེས་པ་ཐོག་མར་བསྟན་པ་དེས། རྒྱ་ཆེའི་དགེ་རྒན་ཚོས་བསམ་བློ་ཆབ་སྲིད་སློབ་གསོའི་གསར་གཏོད་འཕེལ་རྒྱས་ལ་བསམ་གཞིག་ནན་མོ་གཏོང་བར་རོགས་འདེགས་བྱས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། རང་རྒྱལ་གྱི་སློབ་ཆེན་དང་སློབ་གྲྭ་ཆུང་འབྲིང་གི་བསམ་བློ་ཆབ་སྲིད་དཔུང་སྡེ་འཛུགས་སྐྱོང་བྱེད་པའི་ཐད་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་བྱུང་ནས། རྒྱལ་ཡོངས་མཐོ་རིམ་སློབ་ཆེན་གྱི་བསམ་བློ་ཆབ་སྲིད་སློབ་ཚན་དགེ་རྒན་གྱི་ཕྱོགས་བསྡུས་དགེ་སློབ་བསྡུར་ཚད་དེ་རྒྱལ་ཁབ་ཀྱི་གཏན་འབེབས་ཚད་གཞིར་སླེབས་ཏེ། སྤྱི་ཡོངས་ཀྱི་གྲུབ་ཆ་མངོན་གསལ་སྒོས་ཇེ་ལེགས་སུ་སོང་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།