ཟླ5པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ། 2024ལོའི་འཛམ་གླིང་ཧྲིལ་པོའི་ཚོང་དོན་དངུལ་གཏོང་ལ་སྐུལ་འདེད་གཏོང་བའི་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་ཏེ་ཤིས་ཚིག་ཕུལ།
ཧན་ཀྲིན་གྱིས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེན་ཁ་དང་འགྲན་སློང་གི་མདུན་དུ། རྒྱལ་ཁབ་སོ་སོས་དཀའ་ངལ་མཉམ་སེལ་དང་མཉམ་རོགས་མཉམ་འབྲེལ་བྱས་ནས། མཉམ་ལས་གཉིས་ཕན་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ཐེངས་མང་གསུངས་མྱོང་། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་ནས། ཕྱོགས་སོ་སོ་དང་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱ་རྒྱུ་ཡིན་ཞེས་གསུངས།
ཧན་ཀྲིན་གྱིས་མིག་སྔར་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་བར་ཚོད་བགམ་སྣ་མང་དང་འཕྲད་ཡོད་པའི་དབང་གིས། འཕེལ་རྒྱས་ཀྱི་གོ་སྐབས་དང་ཉེན་ཁ། འགྲན་སློང་བཅས་མཉམ་གནས་བྱས་ཡོད། ཉོ་ཚོང་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་ནས། འཛམ་གླིང་ཧྲིལ་པོའི་ཐོན་ལས་ཕྲེང་འབྲེལ་གྱི་མཉེན་གཤིས་དང་བརྟན་བརླིང་ལ་སྲུང་སྐྱོང་ཏན་ཏིག་བྱས་པ་ཡིན་ན། གཞི་ནས་མཉམ་ལས་ཀྱི་འབྲེལ་ཐག་ཇེ་དམ་དུ་གཏོང་ཐུབ་པ་དང་གཉིས་ཕན་ལས་བྱུང་བའི་ཐུན་མོང་གི་ཁེ་ཕན་སྔར་ལས་ཇེ་མང་དུ་འཕེལ་ཐུབ། ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་བརྗེའི་རེས་སྐོར་གསར་པའི་གོ་སྐབས་དམ་འཛིན་བྱས་ཏེ། སྔར་ལས་སྒོ་འབྱེད་དང་གསར་གཏོད་བྱེད་ཕོད་པའི་བསམ་གཞིགས་དང་བྱེད་ཐབས་ལ་བརྟེན་ནས། ཚན་རྩལ་གསར་གཏོད་དང་མཉམ་སྤྱོད་བྱེད་ཤུགས་ཇེ་ཆེར་བཏང་སྟེ། མཉམ་དུ་ཁྱབ་ཁོངས་གསར་པ་གསར་གཏོད་དང་མ་དཔེ་གསར་པ་གསར་སྐྲུན། འཕར་གཞི་གསར་པ་སྐྱེད་སྲིང་བཅས་བྱེད་དགོས། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱས་ནས། འཛམ་གླིང་ཚོང་དོན་རྩ་འཛུགས་སྲོག་ཤིང་དུ་འཛིན་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོབ་དང་སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ཧན་ཀྲིན་གྱིས་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་དངོས་ཕུང་ཆེ་གྲས་གཉིས་པ་ཡིན་པའི་ཀྲུང་གོས་ལོ་ངོ་དུ་མའི་རིང་ལ་འཛམ་གླིང་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་བརྒྱ་ཆའི་སུམ་ཅུ་ཙམ་རྒྱུན་འཁྱོངས་བྱས་ཡོད། དཔལ་འབྱོར་བརྟན་བརླིང་ངང་མདུན་སྐྱོད་དང་སྔར་ལས་སྒོ་འབྱེད་ཅན་གྱི་ཀྲུང་གོ་ཞིག་གིས་འཛམ་གླིང་དཔལ་འབྱོར་ལ་སྒུལ་ཤུགས་ཆེན་པོ་སྣོན་ཐུབ་ངེས་ཡིན། ང་ཚོས་འཛམ་གླིང་དང་མཉམ་དུ། ཀྲུང་གོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་འདོད་ཡོད་ལ། རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་མུ་མཐུད་ཀྲུང་གོར་མ་དངུལ་གཏོང་བ་དང་ཀྲུང་གོ་ནས་རྩ་བ་ཚུགས་པར་བྱེད་པ། ཀྲུང་གོ་ནས་རྩེ་མོ་རྒྱས་པར་བྱེད་པ་བཅས་ལ་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།