ཟླ5པའི་ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“གཙོ་གཉིས”འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་བཀོད་སྒྲིག་སྐུལ་སློང་བརྙན་ལམ་ཚོགས་འདུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། ཡུན་རིང་ལས་བརྒལ་བའི་དམིགས་བསལ་རྒྱལ་བུན་འགྲེམ་སྤེལ་དང་བེད་སྤྱོད་ཡག་པོ་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ལས་དོན་ཁག་སྤུས་ཚད་མཐོ་བའི་སྒོ་ནས་ཡག་པོར་སྒྲུབ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་ནན་གྱིས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཚོགས་འདུར་འགོ་འཛིན་གནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥུན་དང་ཀྲང་གོ་ཆིན། རྒྱལ་སྲིད་ཨུ་ཡོན་ཝང་ཞའོ་ཧུང་དང་ཝུའུ་ཀྲིན་ལུང་། ཁྲིན་དབྱི་ཆིན་བཅས་ཚོགས་འདུར་ཞུགས།
ལིས་ཆང་གིས་ཡུན་རིང་ལས་བརྒལ་བའི་དམིགས་བསལ་རྒྱལ་བུན་འགྲེམ་སྤེལ་བྱས་ནས། “གཙོ་གཉིས”འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཁྱོན་ཡོངས་ལ་དམིགས་བཙུགས་ཏེ་བཟོས་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་བཅས་བྱེད་པའི་དམ་འཛིན་བྱེད་ཡུལ་གལ་ཆེན་ཞིག་ཡིན། ས་གནས་དང་སྡེ་ཁག་སོ་སོས་གནས་སྟངས་མཐོ་རུ་གཏོང་བ་དང་ངོས་འཛིན་ཟབ་སྤེལ་བྱས་ནས། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། “གཙོ་གཉིས”འཛུགས་སྐྲུན་གྱི་ལས་འགན་ཁག་ཏན་ཏིག་གི་སྒོ་ནས་ཡོངས་འགྲུབ་བྱེད་དགོས་ཞེས་གསུངས།
ལིས་ཆང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དགོས་མཁོར་དམིགས་ཏེ། འཐབ་ཇུས་རང་བཞིན་དང་རྒྱང་ལྟའི་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་མངོན་གསལ་ཅན་དུ་བཏང་ནས། སྟོབས་ཤུགས་གཅིག་སྡུད་སྒོས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྲུན་ཁྲོད་ཀྱི་དོན་ཆེན་དང་ལས་དོན་གལ་ཆེན་ཁག་གཅིག་སྒྲུབ་པར་རྒྱབ་སྐྱོར་བྱེད་དགོས། “མ་དངུལ་བརྟན་གཏོང”དང“མཉེན་ཤུགས་འཛུགས་སྐྲུན”ལ་གཅིག་གྱུར་སྒོས་དམ་འཛིན་ཡག་པོ་བྱས་ཏེ། ལས་གཞི་འཛུགས་སྐྲུན་དང་མ་ལག་ཚང་བའི་བཅོས་སྒྱུར་ཟུང་འབྲེལ་བྱས་ཏེ། འཆར་འགོད་བཟོས་ནས་འཐུས་ཚང་དུ་གཏོང་བ་དང་ལས་གཞི་དོ་དམ་ལ་ཤུགས་སྣོན་པ། དོད་རྟགས་རང་བཞིན་གྱི་བཟོ་སྐྲུན་ཁག་གཅིག་བསྐྲུན་དགོས་ལ། མཁོ་སྤྲོད་ལམ་ལུགས་སྔར་ལས་ཇེ་ལེགས་སུ་བཏང་ནས། བཅོས་སྒྱུར་བྱེད་ཐབས་དང་གསར་གཏོད་བྱེད་ཐབས་སྤྱད་དེ་འགལ་རྐྱེན་གཏིང་ཟབ་ཅན་སེལ་དགོས། དམངས་འཚོའི་རེ་ལྟོས་ལ་ཨ་ལན་གསལ་བོ་བྱིན་ནས། དངོས་རྫས་དངུལ་གཏོང་དང་མི་ཤུགས་མ་རྩའི་དངུལ་གཏོང་ཟུང་འབྲེལ་བྱེད་རྒྱུ་དང་། ལས་གཞི་འཛུགས་སྐྲུན་དང་དམངས་འཚོའི་འགན་སྲུང་ཟུང་འབྲེལ་བྱས་ཏེ། མང་ཚོགས་ཀྱིས་སེམས་ཁུར་བྱེད་ཀྱིན་པའི་དམངས་འཚོའི་དོན་དངོས་ཁག་གཅིག་ལེགས་པར་བསྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ལིས་ཆང་གིས“གཙོ་གཉིས”འཛུགས་སྐྲུན་དེ་ཁྱོན་ཡོངས་དང་ཕུགས་དང་འབྲེལ་བ་ངེས་ཅན་ཡོད་པས། གཅིག་གྱུར་འཆར་འགོད་མཐུན་སྦྱོར་ལ་ཤུགས་བསྣན་ནས། ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་དགོས། ད་ལོ་དང་མ་འོངས་པའི་ལོ་འགའི་རིང་གི་ལས་འགན་གཙོ་བོའི་བཀོད་སྒྲིག་གཅིག་གྱུར་གྱིས་ཡོངས་འགྲུབ་བྱེད་དགོས། ད་ལོ་འཐབ་ཇུས་ཀྱི་གལ་ཆེ་བའི་ཚད་དང་ཁ་ཚ་དགོས་གཏུག་གི་ཚད་གཞི། ལས་གཞི་འཐུས་ཚང་གི་ཚད་བཅས་ལ་དམ་པོར་དམིགས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ལས་གཞི་གདམ་གསེས་ཡག་པོ་བྱས་ནས། ལས་འགོ་སྔ་མོ་ནས་རྩོམ་རྒྱུ་དང་དང་ཕན་འབྲས་སྔ་མོ་ནས་ཐོན་ཐུབ་པར་བརྩོན་ལེན་བྱེད་དགོས། མ་འོངས་པའི་ལོ་འགའི་རིང་གི་ལས་འགན་གལ་ཆེན་དེ“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་དོན་འཁྱོལ་དང་ཟུང་འབྲེལ་བྱེད་རྒྱུ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཁག་བགོས་ནས་ལག་བསྟར་བྱེད་རྒྱུ་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། རྒྱུན་སྲོལ་དང་རྒྱུན་སྲོལ་ལས་བརྒལ་བའི་སྲིད་ཇུས་ཁག་གཅིག་གྱུར་གྱིས་བེད་སྤྱོད་ཡག་པོ་བྱས་ཏེ། ནོར་སྲིད་དང་དངུལ་ལོར་དངུལ་རྩའི་ཡོ་བྱད་ཀྱི་མཉམ་ལས་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས། དངུལ་རྩའི་ཐོན་ཁུངས་སྔར་ལས་གང་མང་དངོས་ཕུང་དཔལ་འབྱོར་ཁྲོད་ཞུགས་པར་ཁྲིད་སྟོན་བྱེད་དགོས། སྲིད་གཞུང་གི་མ་དངུལ་དང་དམངས་ཁྲོད་ཀྱི་མ་དངུལ་ལ་གཅིག་གྱུར་འཆར་འགོད་སྔར་ལས་གང་ལེགས་བྱས་ཏེ། དམངས་ཁྲོད་ཀྱི་མ་རྩ“གཙོ་གཉིས”འཛུགས་སྐྲུན་ཁྲོད་ཞུགས་པར་ཁྲིད་སྟོན་སྔར་ལས་གང་ལེགས་བྱས་ནས། དམངས་ཁྲོད་ཀྱི་དངུལ་གཏོང་གསོན་ཤུགས་སྐུལ་སྤེལ་གང་ལེགས་བྱེད་དགོས་ཞེས་ནན་གྱིས་གསུངས།
ལིས་ཆང་གིས་ས་གནས་དང་སྡེ་ཁག་སོ་སོས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོར་བརྟེན་ནས། ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་ལས་དོན་ཁག་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས། སྤུས་ཚད་དང་བདེ་འཇགས་ཀྱི་འགག་སྒོ་ནན་འཛིན་བྱས་ནས། “གཙོ་གཉིས”ཀྱི་ལས་གཞི་དེ་ཁྱད་ལེགས་བཟོ་སྐྲུན་དང་སྤུས་གཙང་བཟོ་སྐྲུན། བློ་བདེ་བའི་བཟོ་སྐྲུན་བཅས་སུ་འཛུགས་སྐྲུན་ནན་མོ་བྱས་ཏེ། མི་དམངས་དང་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པར་འབད་དགོས་ཞེས་ནན་གྱིས་གསུངས།
རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཀྲེ་ཅང་ཞིང་ཆེན་སྲིད་གཞུང་། ཧུའུ་པེ་ཞིང་ཆེན་སྲིད་གཞུང་། ཧེ་ལུང་ཅང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ཚོགས་ཐོག་ནས་གཏམ་བཤད།
བན་དེ་སྐྱབས་ཀྱིས་བསྒྱུར།