ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《སྲིད་འཛིན་ཁྲིམས་འཛིན་མཐུན་སྦྱོར་ལྟ་སྐུལ་ལས་དོན་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས། 
2024.05.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 9

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《སྲིད་འཛིན་ཁྲིམས་འཛིན་མཐུན་སྦྱོར་ལྟ་སྐུལ་ལས་དོན་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ནས་དུས་རབས་གསར་པའི་སྲིད་འཛིན་ཁྲིམས་འཛིན་མཐུན་སྦྱོར་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་པའི་ཐད་མ་ལག་ལྡན་པའི་བཀོད་སྒྲིག་བྱས། 

《བསམ་འཆར》ནང་བསྟན་དོན། སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་གྱི་ལས་དོན་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་སྲ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་པ། རྒྱུན་མཐུད་ངང་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ལྟ་སྐུལ་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ། ལྟ་སྐུལ་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་བཅས་བྱས་ཏེ་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་གྱིས་སྲིད་འཛིན་ཁྲིམས་འཛིན་ལས་དོན་ལ་གཅིག་གྱུར་མཐུན་སྦྱོར་དང་། དོ་དམ་ཚད་ལྡན་དུ་གཏོང་བ། མཛུབ་ཁྲིད་ལྟ་སྐུལ། སྐུལ་ལྕག་འགན་སྲུང་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། 2024ལོའི་ལོ་མཇུག་ཏུ་སླེབས་སྐབས་ཞིང་ཆེན་དང་གྲོང་ཁྱེར། རྫོང་དང་ཡུལ་ཚོ་རིམ་པ་བཞིའི་ཁྱོན་ཡོངས་ལ་ཁྱབ་པའི་ཅུང་འཐུས་སྒོ་ཚང་བའི་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་ལས་དོན་གྱི་མ་ལག་གཞི་རྩའི་ཆ་ནས་འཛུགས་སྐྲུན་བྱེད་པ་དང་། སྲིད་འཛིན་ཁྲིམས་འཛིན་ལས་དོན་གྱི་ཕྱོགས་ཡོངས་དང་། བརྒྱུད་རིམ་ཡོངས། རྒྱུན་རྣམ་ཅན། ཡུན་ཕན་ཅན་བཅས་ཀྱི་ལྟ་སྐུལ་མངོན་འགྱུར་ཡོང་བར་བྱ་དགོས། 

《བསམ་འཆར》ནང་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་ལས་དོན་གྱི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་ཁྲིམས་སྲོལ་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་འགན་ནུས་ལག་བསྟར་ནན་མོ་བྱེད་པ། སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་གྱི་འབྲས་བུ་བེད་སྤྱོད་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། 

ཤ་བོ་གསེར་མཚོས་བསྒྱུར།