ཏེན་ཞུའེ་ཞང་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ན་གཞོན་གྱི་ལས་ཞུགས་ལས་སྐྲུན་བྱ་བའི་བརྙན་ལམ་ཚོགས་འདུར་ཞུགས།
2024.05.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 13

རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ན་གཞོན་གྱི་ལས་ཞུགས་ལས་སྐྲུན་བྱ་བའི་བརྙན་ལམ་ཚོགས་འདུ་ཟླ5པའི་ཚེས14ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཏེན་ཞུའེ་ཞང་གིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ན་གཞོན་གྱི་ལས་ཞུགས་ལས་སྐྲུན་བྱ་བར་ཚད་མཐོའི་མཐོང་ཆེན་གནང་གིན་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ལས་ཞུགས་སྔོན་ལ་འཇོག་པའི་ཁྲིད་ཕྱོགས་སྔར་ལས་འབུར་ཐོན་དུ་གཏོང་བ་དང་། ཐབས་བརྒྱ་ཇུས་སྟོང་གིས་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་བཏང་སྟེ། ན་གཞོན་གྱི་ལས་ཞུགས་རྣམ་པ་སྤྱིའི་ཆ་ནས་བརྟན་འཇགས་ཡོང་བར་འགན་སྲུང་བྱེད་དགོས།

ཏེན་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་བརྒྱུད་ལམ་རྒྱུན་མཐུད་ངང་སྔོག་འདོན་དང་རྒྱ་སྐྱེད་གཏོང་བ་དང་། མཐར་ཕྱིན་སློབ་མ་སྔ་མོ་ནས་ལས་ཞུགས་བྱེད་ཐུབ་པར་རོགས་རམ་བྱེད་དགོས། སྔར་ལས་ཤུགས་ཆེ་བའི་སྒོ་ནས་ཚོང་རའི་ལས་གནས་རྒྱ་བསྐྱེད་པ་དང་། ལས་གནས་བརྟན་པོ་དང་ལས་ཞུགས་སྐུལ་འདེད་ཀྱི་སྲིད་ཇུས་ལེགས་པར་སྤྱོད་པ། བཟོ་སྐྲུན་གལ་ཆེན་དང་། རྣམ་གྲངས་གལ་ཆེན། ནང་མཁོ་རྒྱ་སྐྱེད་བྱེད་ཐབས་གལ་ཆེན་བཅས་དང་ཟུང་འབྲེལ་བྱས་ནས་ལས་གནས་སྔར་ལས་མང་པོ་གསར་སྐྲུན་བྱ་དགོས། སྲིད་ཇུས་རང་བཞིན་གྱི་ལས་གནས་བསྡུ་ལེན་བརྟན་པོ་དང་ཇེ་མགྱོགས་སུ་བཏང་སྟེ་གཞི་ཁྱོན་སྟེང་རྒྱ་བསྐྱེད་ཐུབ་ཚད་རྒྱ་བསྐྱེད་པ་དང་དུས་ཚོད་སྟེང་སྔ་ཙམ་བྱེད་ཐུབ་ཚད་སྔ་ཙམ་བྱེད་དགོས། གཞི་རིམ་གྱི་ཞབས་ཞུའི་རྣམ་གྲངས་རྩ་འཛུགས་དང་ལག་བསྟར་ཡག་པོ་བྱས་ཏེ་མཐར་ཕྱིན་སློབ་མས་གཞི་རིམ་དུ་བྱས་རྗེས་འཇོག་པར་སྐུལ་སློང་བྱ་དགོས། 

ཏེན་ཞུའེ་ཞང་གིས་བསྟན་དོན། སེམས་ཤུགས་དང་བརྩེ་སེམས་ཀྱིས་ལས་ཞུགས་མཛུབ་ཁྲིད་དང་རོགས་སྐྱོར་ལས་དོན་ཡག་པོར་སྒྲུབ་ནས་ལས་ཞུགས་འདུ་ཤེས་ཀྱི་སློབ་གསོ་རྒྱུན་མཐུད་ངང་སྤེལ་བ་དང་། ལས་ཞུགས་ལས་གཏོད་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། ཤེས་ལྡན་མི་སྣའི་མཁོ་སྤྲོད་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ། དཀའ་ངལ་ཡོད་པའི་མཐར་ཕྱིན་སློབ་མའི་ཚོགས་སྤྱིའི་ལས་ཞུགས་ཀྱི་མཐའ་ཚད་དམ་འཛིན་བྱེད་པ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ལས་ཞུགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བྱ་བར་རྡུང་རྡེག་ནན་མོ་གཏོང་དགོས།

ཏེན་ཞུའེ་ཞང་གིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོ། མཐོ་རིམ་སློབ་གྲྭ་སོ་སོས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཇེ་ཆེར་བཏང་ནས་ད་ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་དམིགས་འབེན་དང་ལས་འགན་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན། 

རྒྱལ་སྲིད་ཨུ་ཡོན་ཁྲིན་དབྱི་ཆིན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། སློབ་གསོ་པུའུ། ཅི་ལིན་ཞིང་ཆེན་མི་དམངས་སྲིད་གཞུང་། ཁྲུང་ཆིན་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཀྲུང་གོ་ཞིང་ལས་སློབ་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་འཐུས་མིས་ཚོགས་ཐོག་ཏུ་གཏམ་བཤད།

ཤ་བོ་གསེར་མཚོས་བསྒྱུར།