ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ5པའི་ཚེས14ཉིན། པེ་ཅིང་གྲོང་ཁྱེར་ཡན་ཆིན་ཆུའུ་པ་ཏ་ལིན་གྲོང་རྡལ་ཧྲི་ཞ་གྲོང་ཚོའི་གྲོང་མི་ཚོར་འཕྲིན་ལན་བསྐུར་ནས་ཁོ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་ཐུགས་རེ་ནན་མོ་བཏོན།
ཞི་ཅིན་ཕིང་གིས་འཕྲིན་ལན་ནང་དུ། ཁྱོད་ཚོས་ལོ་འདི་དག་གི་རིང་ལ་ལྕགས་རི་རིང་པོར་རང་འགུལ་ངང་སྲུང་སྐྱོབ་དང་ལྕགས་རི་རིང་པོའི་རིག་གནས་རྒྱུན་འཛིན་བྱས་པར་མ་ཟད། ལྕགས་རི་རིང་པོའི་ཐོན་ཁུངས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་དེར་ང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལྕགས་རི་རིང་པོ་ནི་ཀྲུང་ཧྭ་མི་རིགས་ཀྱི་མཚོན་རྟགས་གསལ་བོ་དང་ཀྲུང་ཧྭའི་དཔལ་ཡོན་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་དང་། དེར་ཀྲུང་ཧྭ་མི་རིགས་ཀྱི་འབད་བརྩོན་ལྷོད་མེད་ཀྱི་སྙིང་སྟོབས་དང་བློ་རྩ་གཅིག་སྒྲིལ་དང་བློ་བརྟན་འགྱུར་མེད་ཀྱི་རྒྱལ་གཅེས་བརྩེ་སེམས་འདུས་ཡོད། ལོ་རྒྱུས་རིག་གནས་ཤུལ་བཞག་འདིར་སྲུང་སྐྱོབ་ཡག་པོ་དང་རྒྱུན་འཛིན་ཡག་པོ་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་འགན་འཁྲི་ཡིན་པས། ཚང་མས་མུ་མཐུད་དུ་འབད་བརྩོན་དང་ཡུན་རིང་བྱས་རྗེས་བཞག་ནས། ཁྱིམ་གཞིས་ལ་སྲུང་སྐྱོབ་བྱེད་པ་ལྟར་ལྕགས་རི་རིང་པོར་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། ལྕགས་རི་རིང་པོའི་རིག་གནས་དར་སྤེལ་དང་ལྕགས་རི་རིང་པོའི་གཏམ་རྒྱུད་ཡག་པོར་བཤད་པ། མི་སྔར་ལས་མང་པོས་ལྕགས་རི་རིང་པོར་རྒྱུས་ལོན་དང་སྲུང་སྐྱོབ་བྱ་རྒྱུར་སྐུལ་ཁྲིད་བྱས་ཏེ་མེས་པོ་ཚོས་བཞག་པའི་རྒྱུ་ནོར་རྩ་ཆེན་འདི་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་འབུལ་རྒྱུའི་རེ་བ་ཡོད།
ལྕགས་རི་རིང་པོ་ནི་རང་རྒྱལ་གྱི་ད་ཡོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་རིག་གནས་ཤུལ་བཞག་ཅིག་ཡིན། 1984ལོར་ཏིན་ཞའོ་ཕིང་དང་ཞི་ཀྲུང་ཞུན་སོགས་འགོ་ཁྲིད་བློ་མཐུན་གྱིས་རྒྱལ་སའི་ལས་ཁུངས་ཁ་ཤས་ཀྱིས་རྩ་འཛུགས་བྱས་ཏེ་སྤེལ་བའི“ང་རང་ཀྲུང་ཧྭ་ལ་དགའ། ལྕགས་རི་རིང་པོ་འཛུགས་སྐྲུན་བྱེད”ཅེས་པའི་བྱེད་སྒོའི་ཐད་ཕྱག་བྲིས་གནང་ནས། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོས་ལྕགས་རི་རིང་པོར་སྲུང་སྐྱོབ་བྱེད་པའི་སྤྲོ་སེམས་འཕེལ་བར་བྱས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྕགས་རི་རིང་པོའི་རིག་གནས་རིན་ཐང་སྔོག་འདོན་དང་རིག་དངོས་ཤུལ་བཞག་རྒྱུན་འཛིན་སྲུང་སྐྱོབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ་ལྕགས་རི་རིང་པོའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་མཛུབ་ཁྲིད་བྱས། ཉེ་ལམ། པེ་ཅིང་གྲོང་ཁྱེར་པ་ཏ་ལིན་ལྕགས་རི་རིང་པོའི་འདབས་ཀྱི་ཧྲི་ཞ་གྲོང་ཚོའི་གྲོང་མི་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་ལྕགས་རི་རིང་པོའི་སྲུང་སྐྱོབ་ལས་དོན་ཁྲོད་རང་འགུལ་ངང་ཞུགས་པ་དང་། གྲོང་ཚོའི་འཕེལ་རྒྱས་དང་འགྱུར་ལྡོག་སོགས་ཀྱི་གནས་ཚུལ་སྙན་སེང་ཞུས་ཏེ་ལྕགས་རི་རིང་པོར་མུ་མཐུད་དུ་སྲུང་སྐྱོབ་དང་ལྕགས་རི་རིང་པོའི་རིག་གནས་རྒྱུན་འཛིན་བྱ་རྒྱུའི་ཆོད་སེམས་མཚོན་པར་བྱས།
ཤ་བོ་གསེར་མཚོས་བསྒྱུར།