ཟླ5པའི་ཚེས15ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ལམ་གྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་དང་ཡིག་ཆའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། རང་ཞིང་གི་ལག་བསྟར་བསམ་ཚུལ་ལ་ཞིབ་འཇུག་བྱས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་འགུལ་སྒོས་བཅོས་སྒྱུར་བྱ་བ་དེ་ཆེས་འབུར་ཐོན་ཡོང་བར་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་གཙོ་གནད་བྱ་བར་གནད་འཁེལ་ཤུགས་འདོན་བྱེད་པར་དམིགས་ཏེ། དངོས་འབེབས་དམ་འཛིན་བཞིའི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པ་དང་། གསར་གཏོད་རང་བཞིན་དང་སྣེ་ཁྲིད་རང་བཞིན་ལྡན་པའི་བཅོས་སྒྱུར་གྲུབ་འབྲས་གང་མང་མྱུར་དུ་གྲུབ་པར་བྱས་ནས། རྒྱལ་ཁབ་ཀྱི་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་བྱེད་པའི་དམིགས་འབེན་ལས་འགན་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་མིག་སྔའི་དཔལ་འབྱོར་གནས་བབ་ཐད་ཀྱི་དབྱེ་ཞིབ་དང་བརྡར་གཅོད་གལ་ཆེན། དཔལ་འབྱོར་བྱ་བའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། དུས་ཚིགས་གཉིས་པ་ནན་མོར་བཟུང་སྟེ་རང་ཞིང་གི་ལས་དོན་སོ་སོའི་དུས་སྐབས་གཙོ་བོར་སྐུལ་འདེད་གཏོང་དགོས་ཤིང་། འགན་འཁྲི་ཕྲག་ཏུ་ལེན་པ་དང་གཙོ་གནད་བྱ་བའི་ལས་འགན་ལ་དམ་དུ་དམིགས་ནས། ཡིད་ཆེས་ཇེ་བརྟན་དང་ཤུགས་འདོན་མཁྲེགས་གཏོར་བྱེད་དགོས་ལ། ནུས་ཤུགས་ཡོད་རྒུས་ལས་དོན་ཁག་སོ་སོ་ཡག་པོར་སྒྲུབ་དགོས། དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ཏེ། རང་སྟེང་གི་ནུས་པར་རྐང་འཛུགས་པ་དང་འབྲི་ཆུའི་ཟུར་གསུམ་གླིང་གི་དགོས་མཁོ་དང་བསྟུན་ནས། ཤར་ནུབ་རྒྱུད་མཉམ་ལས་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་ཞིང་ཆེན་གྱི་ལས་དོན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་བཏང་ནས། ཞབས་ཞུ་དང་འཕེལ་རྒྱས་གསར་པའི་རྣམ་པར་འདྲེས་པའི་ཁྲོད་འབད་པ་ཆེན་པོས་བྱས་རྗེས་གསར་པ་འཇོག་དགོས།
གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་མཱེ་ཀྲོའུ་གྲོང་ཁྱེར་གྱི་མཱེ་ཀྲོའུ་གྲོང་ཁྱེར་ནས་ཏ་ཕུའུ་རྫོང་བར་གྱི་མྱུར་ལམ་གྱི་ཁྲང་དབྱང་ལམ་མཚམས་བརྡིབས་པའི་ཐད་ཀྱི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་དང་དངོས་འབེབས་ནན་མོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས་ལ། ཆར་ཆུའི་དུས་སྐབས་ཀྱི་གནམ་གཤིས་སྔོན་བརྡ་གཏོང་བ་དང་ཟུང་འབྲེལ་བྱེད་དགོས་ཤིང་། གནོད་འཚེ་འབྱུང་སླ་བའི་ས་ཁུལ་གྱི་ལྟ་ཞིབ་སྔོན་བརྡའི་བྱ་བ་ཡག་པོར་སྒྲུབ་པ་དང་ཚད་མཐའི་བསམ་བློ་དང་འགོག་རྐྱེན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཕྱོགས་སོ་སོ་ནས་འགན་འཁྲི་ནན་དཀྲི་དང་ནན་སྡོམ་བྱེད་པ། འབར་རླངས་དང་ཡུལ་སྐོར། མེ་འགོག འགྲིམ་འགྲུལ། བཟོ་གྲྭ་དང་གཏེར་ཁ། ཆུ་ལོག་འགོག་པ་སོགས་ཁྱབ་ཁོངས་གཙོ་བོ་དང་། གནད་ཁུལ་གཙོ་བོའི་ཉེན་ཁའི་འགོག་རྐྱེན་ཕྱོགས་ཡོངས་ནས་ཞིབ་བཤེར་དང་བཅོས་སྐྱོང་བྱས་ནས། རང་ཞིང་གི་གནོད་འཚེ་སྔོག་འགོག་ཐད་བཏོན་པའི་ལས་དོན་ཏན་ཏིག་སྒོས་ལེགས་པོར་སྒྲུབ་སྟེ། སྤྱི་ཚོགས་ཡོངས་ཀྱི་བདེ་འཇགས་བརྟན་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་དགོས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཁྲིད་འཛུགས་སྐྲུན་ཐད་ཀྱི་མཛུབ་སྟོན་དགོངས་དོན་གལ་ཆེན་གྱིས་བསམ་བློ་ཆབ་སྲིད་སློབ་ཁྲིད་འཛུགས་སྐྲུན་ལ་སྔར་ལས་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པས། རྒྱུན་ཆད་མེད་པར་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། དུས་རབས་གསར་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཁྲིད་འཛུགས་སྐྲུན་སྐུལ་སྤེལ་གྲོས་ཚོགས་ཀྱི་དགོངས་དོན་ལྟར། འགན་འཁྲི་དངོས་འབེབས་བཟང་བོ་བྱེད་པ་དང་། ཏང་གིས་མགོ་ཁྲིད་རྒྱུ་དེ་སློབ་གྲྭའི་སློབ་སྒྲུབ་དང་སློབ་སྐྱོང་མི་སྐྱོང་གི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་དགོས། མགོ་ཁྲིད་ལས་བྱེད་པས་བསམ་བློ་ཆབ་སྲིད་ཐད་ཀྱི་གནད་འགག་སློབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་གཏིང་ཟབ་དང་སྟངས་འཛིན་ནན་མོ་བྱས་ཏེ། བསམ་བློ་ཆབ་སྲིད་སློབ་ཁྲིད་ལེགས་པོར་འཆད་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། བསམ་བློ་ཆབ་སྲིད་ཀྱི་དཔུང་ཁག་འཛུགས་སྐྲུན་ལ་དོན་དངོས་ཀྱིས་ཤུགས་སྣོན་བྱས་ཏེ། སློབ་མའི་བསམ་ཕྱོགས་དང་སློབ་མའི་དགོས་མཁོར་ཞབས་འདེགས་ཞུ་བ། ན་གཞོན་ལོ་ཆུང་གི་ཁྱད་ཆོས་ངོས་འཛིན་བྱེད་པར་དམིགས་ཏེ། བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་འགུག་ཤུགས་ཇེ་མཆེར་གཏོང་བ་དང་། ན་གཞོན་ལོ་ཆུང་གིས་མཚོ་སྔོན་ལ་ཆ་རྒྱུས་ཡོད་པ་དང་མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་རྒྱས་གཏོང་བར་སློབ་སྟོན་བྱེད་དགོས།
གྲོས་ཚོགས་སྟེང་རང་ཞིང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་ཏན་ཏིག་གིས་སྤེལ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཤིང་། ཀྲུང་དབྱང་གི་བཀོད་སྒྲིག་ལྟར། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་སློབ་སྦྱོང་བྱ་རྒྱུ་དེ་ཉིན་རྒྱུན་གྱི་འཚོ་བ་དང་འདྲེས་པར་བྱེད་པ་དང་དུས་རྒྱུན་དུ་དམ་འཛིན་བྱེད་པ། ནན་ཏན་གྱིས་སློབ་པ་དང་གཏིང་ཟབ་ཏུ་སློབ་པ། ཡང་དང་བསྐྱར་དུ་སློབ་དགོས་ལ། མགོ་འཁྱོངས་ན་རྔ་མ་མི་འཁྱོངས་པ་དང་ཡུན་ཐུང་ཙམ་གྱི་འབད་པ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། མཉམ་དུ་དམ་འཛིན་དང་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི་དར་སྲོལ་ངན་པ་དང་རུལ་སུངས་གནད་དོན་གཅིག་བསྡུས་སྒོས་བཅོས་སྐྱོང་དང་། ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་བཅོས་སྐྱོང་བྱེད་པའི་ལས་དོན་སྤེལ་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་ཟུང་འབྲེལ་བྱེད་དགོས་པར་མ་ཟད། རིམ་པ་སོ་སོའི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཉིན་རྒྱུན་ལས་དོན་དང་ཟུང་འབྲེལ་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱེད་ཐབས་ཚང་མ་དཀྱིལ་སྙིང་བྱ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་དུ་འགྱུར་བར་བྱེད་དགོས། ཉེན་བརྡའི་སློབ་གསོ་ཤུགས་དྲག་ཏུ་བཏང་སྟེ། ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བ་དང་། གཟབ་ནན་མཐའ་འཁྱོལ་བྱེད་པའི་བརྡ་རྟགས་དྲག་པོ་མུ་མཐུད་དུ་ཕྱིར་སྟོན་དགོས་ཞེས་བསྟན།
གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།