ལིའུ་ཀོ་ཀྲུང་གིས་ཝུའུ་ཙི་པེ་ཁི་སི་ཐན་ལ་འཚམས་འདྲི་བྱས་པར་མ་ཟད་ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་སྲིད་གཞུང་བར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།
2024.05.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

2024ལོའི་ཟླ5པའི་ཚེས13ཉིན་ནས15ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཀོ་ཀྲུང་གིས་ཝུའུ་ཙི་པེ་ཁི་སི་ཐན་ལ་འཚམས་འདྲི་བྱས་ཤིང་། ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་དང་ཐུག་འཕྲད་བྱས་པ་དང་། ཙུང་ལི་ཨ་ལིས་པའོ་ཧྥུའུ་དང་མཉམ་དུ་གྲོས་མོལ་བྱས་པར་མ་ཟད། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་སྲིད་གཞུང་བར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པར་མགོ་འཛིན་བྱས།

ལིའུ་ཀོ་ཀྲུང་གིས་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་དང་ཙུང་ལི་ཨ་ལིས་པའོ་ཧྥུའུ་གཉིས་ལ་སོ་སོར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཆང་གི་འཚམས་འདྲི་བརྒྱུད་སྒྲོག་བྱས།  ལིའུ་ཀོ་ཀྲུང་གིས་བསྟན་དོན།  རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཐུན་མོང་གིས་ཀྲུང་གོ་དང་ཝུའུ་ཙི་པེ་ཁུ་སི་ཐན་གཉིས་ཀྱི་དུས་རབས་གསར་བའི་དུས་ངེས་མེད་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཁྱབ་བསྒྲགས་བྱས་ཤིང་།  མགོ་རྩོམ་ས་སྔར་ལས་མཐོ་ས་ནས་ཀྲུང་གོ་དང་ཝུའུ་ཙི་པེ་ཁུ་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་བཏང་བ་དང་། ཀྲུང་གོ་དང་ཝུའུ་ཙི་པེ་ཁུ་སི་ཐན་བར་གྱི་འབྲེལ་བའི་ལེའུ་གསར་བ་འབྲི་མགོ་བརྩམས། ཀྲུང་གོའི་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་གི་འདུ་ཤེས་སྣེ་ཁྲིད་དུ་བྱས་ཏེ། ཕན་ཚུན་གྱི་ཁེ་ཕན་གཙོ་བོར་འབྲེལ་བའི་གནད་དོན་སྟེང་བློ་རྩ་བརྟན་པོས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་དང་། ས་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་དང་རྒྱ་བསྐྱེད་དེ། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པར་དོན་དངོས་ཀྱི་ནང་དོན་སྔར་ལས་མང་པོ་སྣོན་འདོད་ཡོད།

ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་དང་ཙུང་ལི་ཨ་ལིས་པོ་ཧྥུའུ་སོ་སོས་ཙུང་ལི་གཞོན་པ་ལིའུ་ཀོ་ཀྲུང་བརྒྱུད་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཆང་ལ་བརྩེ་བའི་འཚམས་འདྲི་གནང་། ཁོང་གཉིས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་དང་ཀྲུང་གོའི་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་ཆུ་ཚད་རྒྱུན་མཐུད་སྒོས་མཐོར་འདེགས་བཏང་སྟེ། ཐུན་མོང་འཕེལ་རྒྱས་ལ་རོགས་ཤུགས་བཏོན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཞེས་བསྟན།

ཚེས13ཉིན། ལིའུ་ཀོ་ཀྲུང་དང་ཨ་ལིས་པའོ་ཧྥུའུ་གཉིས་ཀྱིས་ཀྲུང་གོ་དང་ཝུའུ་ཙི་པེ་ཁུ་སི་ཐན་སྲིད་གཞུང་བར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པར་མཉམ་དུ་མགོ་འཛིན་བྱས་པ་དང་། ཀྲུང་གོ་དང་ཝུའུ་ཙི་པེ་ཁུ་སི་ཐན་བར་གྱི་མཉམ་ལས་གནས་ཚུལ་ལ་ཁྱོན་ཡོངས་ནས་ཕྱིར་དྲན་བྱས་ཤིང་། དཔལ་འབྱོར་ཉོ་ཚོང་དང་། ནུས་ཁུངས། འགྲིམ་འགྲུལ། ཞིང་ལས། ཚན་རྩལ། མི་གཞུང་། དབུལ་ཕོངས་ཇེ་ཉུང་དུ་གཏོང་བ་སོགས་ཁྱབ་ཁོངས་གཙོ་བོའི་མཉམ་ལས་ཀྱི་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། གོམ་སྟབས་རྗེས་མའི་མཉམ་ལས་ལ་བཀོད་སྒྲིག་གསར་བ་བྱས། གྲོས་ཚོགས་གྲོལ་རྗེས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཝུའུ་ཙི་པེ་ཁུ་སི་ཐན་སྲིད་གཞུང་བར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་ཟིན་བྲིས་གནད་བསྡུས་བཀོད།

འཚམས་འདྲིའི་སྐབས་སུ། ལིའུ་ཀོ་ཀྲུང་གིས་ཕིན་ཧྲིན་ཞིང་ལས་ར་བ་དང་། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་གསོ་རིག་སྨན་རྫས་ཚན་རྩལ་གྲོང་སོགས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལས་གཞིར་རྟོག་ཞིབ་བྱས།

ལྷ་མོ་འཚོས་བསྒྱུར།