ཏེན་ཞུའེ་ཞང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་གཞོན་པ། ཕྱི་འབྲེལ་པུའུ་ཀྲང་ཏ་ཨར་ལ་མཇལ་འཕྲད་གནང་།
2024.05.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཚེས15ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ་ཕ་ཁི་སི་ཐན་གྱི་ཙུང་ལི་གཞོན་པ། ཕྱི་འབྲེལ་པུའུ་ཀྲང་ཏ་ཨར་ལ་མཇལ་འཕྲད་གནང་།

ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་དང་ཕ་ཁི་སི་ཐན་རྒྱལ་ཁབ་གཉིས་ནི་དུས་རྣམ་ཀུན་གྱི་འཐབ་ཇུས་མཉམ་ལས་གྲོགས་པོ་བཟང་བོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་འགོ་ཁྲིད་པར་མཇལ་འཕྲད་ཐེངས་མང་གནང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཐབ་ཇུས་ཀྱི་མཛུབ་ཁྲིད་གལ་ཆེན་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ཆུ་ཚད་མཐོ་བའི་འཐབ་ཇུས་འབྲེལ་གཏུག་རྒྱུན་འཁྱོངས་དང་སྤུས་ཚད་མཐོ་བའི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་མཉམ་དུ་འཛུགས་སྐྲུན་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། དམངས་སེམས་གཅིག་པའི་འབྲེལ་བ་གཏིང་ཟབ་ཏུ་བཏང་ནས། དུས་རབས་གསར་པའི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པའི་སྒྲིག་གཞི་མགྱོགས་མྱུར་སྒོས་བཙུགས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།

ཏ་ཨར་གྱིས་བསྟན་དོན། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་གལ་ཆེན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱིན་ཡོད་ལ།  ཀྲུང་གོའི་བར་གྱི་དངོས་སྒྲུབ་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་སྤུས་ཚད་ཇེ་མཐོར་གཏོང་རྒྱུར་སྐུལ་འདེད་བཏང་ནས། ཕ་ཁི་སི་ཐན་དང་ཀྲུང་གོའི་དུས་རྣམ་ཀུན་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར།

ཤ་བོ་རིན་མཚོས་བསྒྱུར།