《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་《ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་མུ་མཐུད་དུ་སྒུལ་ཤུགས་ཆེན་པོ་སྣོན་དགོས》ཞེས་པ་སྤེལ།
ཟླ5པའི་ཚེས16ཉིན་པར་སྐྲུན་བྱས་པའི་འདོན་ཐེངས10པའི《བདེན་འཚོལ》དུས་དེབ་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྩོམ་ཡིག་གལ་ཆེན《ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་མུ་མཐུད་དུ་སྒུལ་ཤུགས་ཆེན་པོ་སྣོན་དགོས》ཞེས་པ་སྤེལ། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2012ལོའི་ཟླ12པ་ནས2024ལོའི་ཟླ3པའི་བར་འབྲེལ་ཡོད་རྒྱས་བཤད་གལ་ཆེན་གྱི་གནད་བསྡུས་ཤིག་རེད།
རྩོམ་ཡིག་ནང་ནན་གྱིས་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་ནི་དེང་རབས་ཀྲུང་གོས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་པའི་ཐབས་མཆོག་གལ་ཆེན་ཞིག་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཕམ་ཐག་གཅོད་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་ཀྱང་ཡིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་ཚུན་ལ། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་ཆེན་བླངས་ཡོད། ལོ་འདི་དག་གི་བཅོས་སྒྱུར་བྱ་བར་ཕྱིར་མིག་བལྟས་ན། ང་ཚོས་བཏོན་པའི་གསར་སྐྲུན་གཞུང་ལུགས་རབ་དང་རིམ་པ་དང་། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་སྤྱད་པ། ཐོད་བརྒལ་གལ་ཆེན་རབ་དང་རིམ་པ་བླངས་པ་བཅས་ཚང་མ་གསར་བརྗེའི་རང་བཞིན་ལྡན་པ་ཞིག་ཡིན་ཞིང་། བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་བཏོད་ཡོད།
རྩོམ་ཡིག་ནང་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་ན། ངེས་པར་དུ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སྙོམས་སྒྲིག་གི་ཐོན་སྐྱེད་འབྲེལ་བ་དང་མུ་མཐུད་དུ་འཚམ་པར་བྱས་ནས་དཔལ་འབྱོར་རྨང་གཞི་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་དགོས། ང་ཚོས་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ་བཏོན་པ་ནི་རང་རྒྱལ་སྤྱི་ཚོགས་ཀྱི་གཞི་རྩའི་འགལ་བའི་ལས་འགུལ་གྱི་འགྱུར་ལྡོག་དང་བསྟུན་ནས་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། བཅོས་སྒྱུར་སྒོ་འབྱེད་ལག་བསྟར་བྱེད་པའི་དུས་མ་གཏོགས་ཡོངས་འགྲུབ་བྱེད་པའི་དུས་མེད། བཅོས་སྒོ་འབྱེད་ལ་ཡང་ཁ་ཕྱོགས་དང་ལངས་ཕྱོགས་དང་རྩ་དོན་བཅས་ཡོད། ང་ཚོའི་ཁ་ཕྱོགས་ནི་མུ་མཐུད་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྟེན་ནས་རང་ཉིད་འཐུས་ཚང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པར་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་དང་། ཁྱོན་ཡོངས་བརྟན་བརླིང་དང་གནས་ཚུལ་དང་བསྟུན་པ། མགོ་གསར་པ་རྩོམ་པ་བཅས་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། ཁ་ཕྱོགས་ཡང་དག་དང་བདེན་སྲུང་གསར་སྐྲུན། དངོས་སྒྲུབ་དངོས་གཉེར་བཅས་བྱས་ཏེ་སྐྱོད་ལམ་གསར་པའི་སྟེང་བཅོས་སྒྱུར་སྒོ་འབྱེད་ཀྱི་ལེའུ་གསར་པ་འབྲི་དགོས།
རྩོམ་ཡིག་ནང་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ན་ངེས་པར་དུ་བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་སུ་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་ཆེ་རུ་གཏོང་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཅོས་སྒྱུར་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ་དེ་ནི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམ་པོར་དམིགས་ནས། འཐབ་ཇུས་རང་བཞིན་དང་གསར་སྐྲུན་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ཀྱི་བཅོས་སྒྱུར་སྐོར་ཞིག་བཏོན་པ་དང་། བཅོས་སྒྱུར་མ་ལག་གཅིག་སྡུད་དང་མཐུན་སྦྱོར་ལས་ཆོད་ཆེ་བར་ཤུགས་བསྣན་ཏེ། ཁྱབ་ཁོངས་གལ་ཆེན་དང་རིམ་པ་གལ་ཆེན་དུ་ཐོད་བརྒལ་གསར་པ་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ཇུས་འགོད་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མུ་མཐུད་དུ་སྒུལ་ཤུགས་ཆེན་པོ་སྣོན་དགོས། གནད་དོན་གྱི་ཁྲིད་ཕྱོགས་འབུར་དུ་དོད་ནས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཚོད་འཛིན་ཐེབས་པའི་འགག་གནད་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་དང་དམངས་ཚིས་ཁྱབ་ཁོངས་ཀྱི་དཀའ་གནད་། སྤྱི་ཚོགས་དྲང་གཞག་དྲང་བདེན་དང་འགལ་བའི་གནད་དོན་བཅས་ཐག་གཅོད་ཤུགས་ཆེན་བྱས་ནས། ཉེན་ཁ་ཚབས་ཆེན་སྔོན་འགོག་ནུས་ལྡན་བྱས་ཏེ་རྒྱུན་ཆད་མེད་པར་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་དང་གསོན་ཤུགས་སྣོན་དགོས།
ཤ་བོ་རིན་མཚོས་བསྒྱུར།