ཝང་ཧུའུ་ཉིང་གིས་མོ་རོ་ཁོའི་གྲོས་ཁང་གི་གྲོས་དཔོན་ལ་མཇལ་འཕྲད་གནང་།
2024.05.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ5པའི་ཚེས16ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་ནས་མོ་རོ་ཁོའི་གྲོས་ཁང་གི་གྲོས་དཔོན་ཨ་ལ་མུས་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས16ཉིན་པེ་ཅིང་ནས་མོ་རོ་ཁོའི་གྲོས་ཁང་གི་གྲོས་དཔོན་ཨ་ལ་མུས་ལ་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། མོ་རོ་ཁོ་ནི་ཆེས་ཐོག་མར་ཀྲུང་གོ་གསར་པ་དང་འབྲེལ་བ་བཙུགས་པའི་ཨ་ཧྥེ་རི་ཁ་དང་ཨ་རབ་རྒྱལ་ཁབ་གྲས་ཀྱི་གཅིག་ཡིན། ཉེ་བའི་ལོ་འགའི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་བོ་མུའུ་ཧན་མུའུ་ཏི་སྐུ་ཕྲེང་དྲུག་པའི་སྣེ་ཁྲིད་འོག ཀྲུང་གོ་དང་མོ་རོ་ཁོའི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཐད་ནས་གྲུབ་འབྲས་གསར་པ་རྒྱུན་མ་ཆད་པར་བླངས། ཀྲུང་གོས་མོ་རོ་ཁོ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་ཐུན་མོང་གི་ལྟ་བ་གལ་ཆེན་ལག་བསྟར་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་མོ་རོ་ཁོའི་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་བརླིང་དང་ཡུན་རིང་བོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

ཨ་ལ་མུས་ཀྱིས་བསྟན་དོན། མོ་རོ་ཁོས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱེད་ཀྱིན་ཡོད། མོ་ཁོ་རོས་ཀྲུང་གོའི་བར་གྱི་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། དཔལ་འབྱོར་དང་མི་གཞུང་རིག་གནས། ཡུལ་སྐོར་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོས་མོ་རོ་ཁོས་རིམས་ནད་དང་ས་ཡོམ་འགོག་རྒོལ་ཁྲོད་རོགས་རམ་བྱས་པར་བཀའ་དྲིན་ཞུས་པ་ཡིན། མོ་རོ་ཁོས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་འདོད་ཡོད་པ་དང་། མོ་རོ་ཁོའི་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་ལས་རིགས་སོ་སོའི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བར་རེ་སྒུག་བྱེད་ཀྱིན་ཡོད།

ཀྲིའུ་ཆང་དང་ཝང་ཏུང་ཧྥིན་སོགས་མཇལ་འཕྲད་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།