ཟླ5པའི་ཚེས16ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ5པའི་ཚེས16ཉིན་གྱི་ཕྱི་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རུ་སིས་མནའ་འབྲེལ་དུ་མི་ཞུགས་པ་དང་འགྲན་རྒོལ་མི་བྱེད་པ། ཕྱོགས་གསུམ་པར་མི་དམིགས་པ་བཅས་ཀྱི་རྩ་དོན་ཐོག་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་བརྟན་པོའི་ངང་གོང་དུ་སྤེལ་བ་དང་། མི་གཞུང་རིག་གནས་དང་ས་གནས་ཀྱི་བརྗེ་རེས་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་ལ། རྒྱལ་ཁབ་གཉིས་ཀྱི་གྲོགས་པོའི་སྤྱི་ཚོགས་དམངས་འདོད་རྨང་གཞི་ཉིན་རེ་བཞིན་སྲ་བརྟན་དུ་ཕྱིན་པས། རྒྱལ་ཁབ་ཆེན་པོའི་ཞི་བདེ་མཉམ་གནས་དང་མཉམ་ལས་གཉིས་ཕན་གྱི་དཔེ་མཚོན་ཞིག་བཏོད་ཡོད། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་མཇལ་འཕྲད་གནང་ནས་དུས་རིམ་རྗེས་མའི་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་འཐབ་ཇུས་ཀྱི་འཆར་འགོད་གསར་པ་བཟོས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་བརྩི་སྲུང་བྱས་ནས་མི་རབས་ནས་མི་རབས་བར་གྱི་གྲོགས་པོའི་འབྲེལ་བ་སྲ་བརྟན་དང་རྒྱུན་འཛིན་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོ་དང་ཨུ་རུ་སི་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྟོབས་ཤུགས་ཆེན་པོ་ལེགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་གསུངས།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་འབྲེལ་མཐུད་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་དང་གཟབ་ནན་སྒོས་སྤེལ་རྒྱུར་སྐུལ་འདེད་གཏོང་བ་དང་། ས་ཁུལ་གཞི་གཅིག་ཅན་དང་ས་ཁོངས་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ། ཚོང་དོན་རང་མོས་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་གཏོང་བ། དཔལ་འབྱོར་ཚོང་དོན་དང་ནུས་ཁུངས། ཕན་ཚུན་འབྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཕྱོགས་གཉིས་ཀས“ཀྲུང་གོ་དང་ཨུ་རུ་སིའི་རིག་གནས་ལོའི”བྱེད་སྒོ་སྤེལ་བ་གོ་སྐབས་སུ་བྱས་ནས་རིག་གནས་ཡུལ་སྐོར་དང་ལུས་རྩལ། ན་གཞོན། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མང་ཚོགས་བར་གྱི་རྒྱུས་ལོན་དང་གྲོགས་པོའི་འབྲེལ་བ་རྒྱུན་མི་ཆད་པར་ཇེ་ཟབ་ཏུ་གཏོང་དགོས།
ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་དེ་ཕན་ཚུན་འདྲ་མཉམ་དང་གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞིའི་ཐོག་བཙུགས་པ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་མཐུན། མིག་སྔར་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་ཆེས་མཐོ་བའི་ཆུ་ཚད་དུ་སླེབས་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་གྲུབ་འབྲས་ཕུན་སུམ་ཚོགས་པའི་ཐུག་འཕྲད་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡུན་རིང་འཕེལ་རྒྱས་འགྲོ་རྒྱུར་འཆར་འགོད་བྱས་ཡོད། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བྱས་ཏེ་དཔལ་འབྱོར་ཚོང་དོན་དང་ནུས་ཁུངས། ཞིང་ལས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ནས། “ཀྲུང་གོ་དང་ཨུ་རུ་སིའི་རིག་གནས་ལོའི”བྱེད་སྒོ་ཡག་པོར་སྤེལ་བ་དང་། སློབ་གསོ་དང་རིག་གནས། འཕྲོད་བསྟེན། ལུས་རྩལ། ན་གཞོན་སོགས་མི་གཞུང་རིག་གནས་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས། དུས་རབས་གསར་པའི་ཨུ་རུ་སི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།
ཤ་བོ་རིན་མཚོས་བསྒྱུར།