ཞི་ཅིན་ཕིང་གིས་སྐབས33པའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་བསྐུར།
2024.05.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ5པའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་རེས་འཁོར་ཀྲུའུ་ཞི་པ་རེན་གྱི་རྒྱལ་པོ་ཧ་མཱ་ཏིར་རྟེན་འབྲེལ་འཕྲིན་ཡིག་བསྐུར་ཏེ། སྐབས33པའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་པ་རེན་གྱི་རྒྱལ་ས་མའེ་ནཱ་མའེ་རུ་འཚོགས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཨ་རབ་མནའ་འབྲེལ་གྱིས་དུས་ཡུན་རིང་བོར་ཨ་རབ་འཛམ་གླིང་མཉམ་འབྲེལ་རང་སྟོབས་ལ་སྐུལ་འདེད་གཏོང་བ་དང་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུར་རྩེ་གཅིག་ཏུ་འབད་བཞིན་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ཀྱི་མདུན་དུ། ཨ་རབ་རྒྱལ་ཁབ་ཀྱིས་རང་བཙན་རང་བདག་རྒྱུན་འཁྱོངས་དང་འཕེལ་རྒྱས་དར་རྒྱས་བརྩོན་ལེན། དྲང་གཞག་དྲང་བདེན་བརྟན་སྲུང་བྱེད་པ། ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་ལ་སྲུང་སྐྱོབ་བཅས་བྱས་ཏེ། འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་ནུས་པ་གལ་ཆེན་བཏོན་དང་འདོན་བཞིན་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། 2022ལོའི་ཟླ12པར་ང་དང་ཨ་རབ་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་མཉམ་དུ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་རྩེ་ཚོགས་སྐབས་དང་པོར་ཞུགས་ནས། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འཆར་གཞི་ཁྱོན་ཡོངས་ནས་བཀོད་པ་དང་། དུས་རབས་གསར་པར་ཁ་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་ནུས་ཤུགས་ཡོད་རྒུས་འཛུགས་རྒྱུར་མོས་མཐུན་བྱུང་ཡོད། ལོ་གཅིག་ལྷག་གི་རིང་ལ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་བར་གྱི་ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་ཕྱིན་པ་དང་དངོས་སྒྲུབ་མཉམ་ལས་ལ་གསོན་ཤུགས་ཆེན་པོ་རྒྱས་པ། མི་གཞུང་རིག་གནས་བརྗེ་རེས་བྱེད་ཚད་སྔར་ལས་སྣ་མང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཟླ་འདིའི་ཟླ་མཇུག་ཏུ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མཉམ་ལས་གླེང་སྟེགས་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་པེ་ཅིང་དུ་འཚོག་རྒྱུ་རེད། ཕྱོགས་གཉིས་ཀས་པུའུ་ཀྲང་ཚོགས་འདུ་སྐབས་བཅུ་པ་འཚོགས་པ་གོ་སྐབས་སུ་བརྩིས་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་ལས་ཟབ་སྤེལ་བྱས་ཏེ། ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་ལེགས་བསྐྲུན་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།