ཟླ5པའི་ཚེས16ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་མཛད། འདི་ནི་གྲོས་མོལ་མ་མཛད་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་ཕུའུ་ཅིན་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་བསྡུ་བའི་ཚུལ་རེད།
ཟླ5པའི་ཚེས16ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་མཛད། འདི་ནི་ཞི་ཅིན་ཕིང་དང་ཕུའུ་ཅིན་རྣམ་གཉིས་ཀྱིས་ཕན་ཚུན་ཕྱག་འཇུ་གནང་བའི་ཚུལ་རེད།
ཟླ5པའི་ཚེས16ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་མཛད།
རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཐོག་མར་ཁྱབ་ཁོངས་ཆུང་བའི་གྲོས་མོལ་མཛད།
ཞི་ཅིན་ཕིང་གིས་ཕུའུ་ཅིན་གྱིས་སྐབས་གསར་པའི་ཙུང་ཐུང་གི་འགན་བཞེས་པར་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས་པ་དང་། ཁོ་ཡང་བསྐྱར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན་ཞིང་། ལོ75ཡི་རིང་ལ། ཀྲུང་གོ་དང་ཨུ་རུ་སིའི་བར་གྱི་འབྲེལ་བར་དཀའ་སྡུག་ཚད་མེད་བརྒྱུད་པ་དང་ལོ་རྒྱུས་ཡུན་རིང་ལྡན་ཞིང་། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེ་བའི་ཉམས་སད་ཆེན་པོ་ཐེག་ནས། རྒྱལ་ཁབ་ཆེན་པོ་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱིས་ཕན་ཚུན་བརྩི་འཇོག་བྱེད་པ་དང་། ལྷག་བསམ་ཟོལ་མེད་ཀྱི་ལྟ་སྟངས་འཛིན་པ། འཆམ་མཐུན་མཉམ་གནས་དང་གཉིས་ཕན་མཉམ་རྒྱལ་བཅས་ཀྱི་དཔེ་མཚོན་བཙུགས་ཡོད། ཀྲུང་གོ་དང་ཨུ་རུ་སིའི་བར་གྱི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་གཏོང་རྒྱུ་ནི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་། བརྟན་བརླིང་། དར་རྒྱས་བཅས་ལའང་ཕན་ཐོགས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཨུ་རུ་སི་ཕྱོགས་དང་ཕན་ཚུན་ཡིད་ཆེས་བྱེད་པའི་ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ་བྱེད་འདོད་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་མུ་མཐུད་དུ་སྲ་བརྟན་དུ་གཏོང་བ་དང་། རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་དར་རྒྱས་མཉམ་དུ་མངོན་འགྱུར་བྱེད་པ། ལག་གདང་སྦྲེལ་ནས་འཛམ་གླིང་དྲང་གཞག་དྲང་བདེན་ཡོང་བར་སྲུང་སྐྱོབ་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སིའི་བར་གྱི་འབྲེལ་བ་ལོ75རིང་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་ལས་ཐོབ་པའི་བསྡོམས་ཚིག་གལ་ཆེན་ཞིག་ནི། ཁྱིམ་མཚེས་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་བར་ཐོག་མཐའ་བར་གསུམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དར་སྤེལ་གཏོང་བ་དང་། ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་ཡིད་ཆེས། ཕན་ཚུན་ལྟ་སྐྱོང་བཅས་བྱས་ཏེ། ཕྱོགས་གཉིས་འཕེལ་རྒྱས་དང་དར་རྒྱས་ཡོང་བར་དངོས་གནས་རོགས་རམ་བྱེད་དགོས་པ་དེ་ཡིན། འདི་ནི་ཀྲུང་གོ་དང་ཨུ་རུ་སིའི་བར་གྱི་འབྲེལ་བ་ཡང་དག་པར་མཉམ་གནས་བྱེད་པའི་ཐབས་ལམ་ཡིན་ལ། དུས་རབས་ཉེར་གཅིག་པའི་རྒྱལ་ཁབ་ཆེན་པོའི་འབྲེལ་བར་འབད་བརྩོན་བྱེད་དགོས་པའི་ཁ་ཕྱོགས་ཀྱང་ཡིན། ཀྲུང་གོ་དང་ཨུ་རུ་སིའི་བར་གྱི་འབྲེལ་བར་ལོ་རྒྱུས་ཀྱི་རིམ་གསོག་དུས་རིམ་ཟབ་མོ་དང་དམངས་འདོད་ཀྱི་རྨང་གཞི་བརྟན་པོ་ཡོད་པ་དང་། ཕྱོགས་གཉིས་ཀྱིས་འཐབ་ཇུས་རོགས་ལས་དང་གཉིས་ཕན་མཉམ་ལས་དམ་ཟབ་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་རང་ཉིད་འཕེལ་རྒྱས་གཏོང་བའི་བགྲོད་ལམ་དུ་བསྐྱོད་པ་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བརྟན་པོ་བྱེད་དགོས།
ཕུའུ་ཅིན་གྱིས་བཤད་རྒྱུར། སྐབས་གསར་པའི་ཨུ་རུ་སིའི་ཙུང་ཐུང་གི་འགན་ཁུར་རྗེས་ཡང་བསྐྱར་ཀྲུང་གོར་འཚམས་འདྲིར་ཡོང་བར་ང་རང་ཧ་ཅང་དགའ་སྤྲོ་སྐྱེས་ཡོད། ན་ནིང་གི་ཟླ3པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྱང་འགན་བསྟུད་མར་འཁུར་ནས་ཡུན་རིང་མ་སོང་བར་ཨུ་རུ་སིར་རྒྱལ་དོན་འཚམས་འདྲི་གནང་བ་དེ་ནི་ང་ཚོ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་སྲོལ་རྒྱུན་ཡིན་ལ། དེ་ལས་ཕྱོགས་གཉིས་ཀྱིས་དུས་རབས་གསར་པར་ཨུ་རུ་སི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པར་ཚད་མཐོའི་མཐོང་ཆེན་གནང་བ་མཚོན་ཡོད། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་ཡིན་ལ། ཨུ་རུ་སི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡང་ཡིན་པས། ང་ཚོས་མཉམ་དུ་རྟེན་འབྲེལ་ཞུ་འོས། ཨུ་རུ་སི་དང་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ནི་གནས་སྐབས་ཀྱི་ཇུས་གཞི་ཞིག་མིན་པ་དང་ཕྱོགས་གསུམ་པར་དམིགས་པ་ཞིག་མིན་པར་རྒྱལ་སྤྱིའི་འཐབ་ཇུས་བརྟན་བརླིང་ལ་ཕན་ཐོགས་ཡོད་པ་ཞིག་ཡིན། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་གཉིས་ཀྱི་མཉམ་ལས་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་གསེར་གྱོམ་རྒྱལ་ཁབ། ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་ཀྱི་སྒྲོམ་གཞིའི་ནང་མཐུན་སྦྱོར་དམ་ཟབ་བྱས་ཏེ། སྔར་ལས་དྲང་གཞག་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་དེའི་རྗེས་སུ་གཞི་ཁྱོན་ཆེ་བའི་གྲོས་མོལ་གཙོ་སྐྱོང་གནང་།
རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་སོ་སོའི་ཕྱོགས་གཉིས་ཀྱི་ཀྲུའུ་ཞིས་མ་དངུལ་འཇོག་པ་དང་། ནུས་ཁུངས། དཔལ་འབྱོར་ཉོ་ཚོང་། བྱང་ཤར་དང་ཡོན་ཏུང་ས་ཁུལ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། རྒྱལ་སྤྱི་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གནས་ཚུལ་སྙན་ཞུར་གསན་པ་དང་། ཐོབ་པའི་འཕེལ་རིམ་ལ་བློ་ཡིད་ཚིམ་པོ་བྱུང་ནས་མ་འོངས་པའི་མཉམ་ལས་གྲོས་གཞིར་ཁས་ལེན་གང་ལེགས་མཛད།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་བར་གྱི་འབྲེལ་བའི་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་གལ་ཆེན་ཞིག་ཡིན་ལ། ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ལག་གདང་སྦྲེལ་ཏེ་རྒྱལ་ཁབ་ཆེན་པོ་ཞིག་དང་། ཁྱིམ་མཚེས་རྒྱལ་ཁབ་བར་ཕན་ཚུན་བརྩི་འཇོག་དང་འཆམ་མཐུན་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་བགྲོད་ལམ་གསར་པ་ཞིག་བཏོད་ཡོད། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཀྲུང་གོ་དང་ཨུ་རུ་སིའི་བར་གྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བ་དང་། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐོབ་ནས། དཔལ་འབྱོར་ཉོ་ཚོང་དང་། དངུལ་གཏོང་། ནུས་ཁུངས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་རྒྱུན་མཐུད་ངང་སྐུལ་སྤེལ་བྱས་ནས། འཛམ་གླིང་ཡོངས་ཀྱི་འཐབ་ཇུས་བརྟན་བརླིང་ལ་སྲུང་སྐྱོབ་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་ཡིན་ཞིང་། ཀྲུང་གོའི་ཕྱོགས་ཀྱིས་སྤུས་ཚད་མཐོན་པོའི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་ཚད་ཇེ་མགྱོགས་སུ་གཏོང་བ་མ་ཟད། འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་ཡོང་བར་སྒུལ་ཤུགས་གསར་པ་སྣོན་རྒྱུ་ཡིན། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་གཙོ་བོ་ཡིན་པས། ཕྱོགས་གཉིས་ཀྱིས་འཐབ་ཇུས་རོགས་ལས་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ། འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་མཐུན་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་འཐབ་ཇུས་ཀྱི་གདམ་ག་ཡིན། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བ་འགོ་འཛུགས་ས་གསར་པར་བྱས་ཏེ། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་སྔར་ལས་ཤུགས་སྣོན་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ནང་དོན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་པ་བཅས་བྱས་ཏེ། འཛམ་གླིང་དར་རྒྱས་དང་བརྟན་བརླིང་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་སྔར་ལས་མང་པོ་འདོན་དགོས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་གྲུབ་ཚུལ་སྔར་ལས་ལེགས་སྒྱུར་དང་དཔལ་འབྱོར་ཉོ་ཚོང་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་འཕེལ་ཕྱོགས་བཟང་བོ་སྲ་བརྟན་དུ་གཏོང་དགོས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་ཀྱི་བཀྲག་མདངས་འཚེར་ས་སྔར་ལས་མང་བོ་བསྐྲུན་པ་དང་། “ཀྲུང་གོ་དང་ཨུ་རུ་སིའི་རིག་གནས་ལོ”མཉམ་དུ་ལེགས་པོར་སྒྲུབ་སྟེ། ས་གནས་བར་མཉམ་ལས་དམ་ཟབ་བྱེད་པ་དང་། དམངས་སེམས་ཀྱི་སྦྲེལ་ཐག་མུ་མཐུད་དུ་ཇེ་དམ་དུ་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་དང་། གསེར་ལྡན་རྒྱལ་ཁབ། ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་རྒྱལ་སྤྱིའི་ཕྱོགས་མང་ལས་སྟེགས་དང་དེ་བཞིན་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་སྤྱིའི་འགན་འཁྲི་ཁུར་སེམས་མཚོན་པ་དང་། དྲང་གཞག་དང་ལུགས་མཐུན་གྱི་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས།
ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་གྱི་མཉམ་ལས་རྐྱེན་སྲོལ་འཁོར་རྒྱུག་ཡག་པོ་བྱུང་བ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་། ཞིང་ལས། བཟོ་ལས། ནུས་ཁུངས། མཉམ་སྦྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བཞིན་ཡོད། ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པ་དང་འཕེལ་རྒྱས་བྱུང་བར། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་དང་། ཕན་ཚུན་བརྩི་འཇོག རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་པ་སོགས་ཀྱི་རྩ་དོན་ལ་གཞིགས་ནས། ཉམས་སད་སྣ་ཚོགས་ཐེག་ཡོད། དེ་རིང་ཕྱོགས་གཉིས་ཀྱིས་མཉམ་ལས་ཡིག་ཆ་རབ་དང་རིམ་པ་བཀོད་པ་དེ་ལས་ཕྱོགས་གཉིས་ཀྱིས་གཉིས་ཕན་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་རྒྱ་བསྐྱེད་པའི་ཆོད་སེམས་མཚོན་ཡོད། ཨུ་རུ་སི་ཕྱོགས་ཀྱིས《2030ལོའི་སྔོན་གྱི་ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་འཆར་འགོད》དོན་འཁྱོལ་ཡག་པོ་བྱས་ཏེ། ད་ལོ་དང་སང་ལོའི“ཨུ་རུ་སི་དང་ཀྲུང་གོའི་རིག་གནས་ལོའི”བྱེད་སྒོ་ལེགས་པར་སྤེལ་བ་དང་། ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་གཞི་དང་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་འདོད་ཡོད། སང་ལོར་འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་སྔོན་བསུ་བྱེད་པར། ཨུ་རུ་སི་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་རྟེན་འབྲེལ་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་གལ་ཆེན་ཁྲོད་དངོས་ཡོད་དྲང་གཞག་གི་ལངས་ཕྱོགས་བཟུང་བར་བསྟོད་བསྔགས་བྱེད་ཀྱིན་ཡོད་ལ། ཀྲུང་གོའི་བར་གྱི་འཐབ་ཇུས་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ། འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ། ཨུ་རུ་སི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་གྲུབ་འབྲས་སྔར་ལས་མང་བོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
གྲོས་མོལ་གནང་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མཉམ་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་དོན་ལྔ་འཁོར་བའི་སྐབས་སུ་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》བཀོད་པ་དང་འབྲེལ་ཁྱབ་བསྒྲགས་བྱས་ཏེ། དཔལ་འབྱོར་ཉོ་ཚོང་དང་། རང་བྱུང་སྲུང་སྐྱོབ། ཞིབ་བཤེར་དང་རིམས་ནད་བརྟག་དཔྱད། སྨྱན་བྱད་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་མཉམ་དུ་བདེན་དཔང་མཛད།
རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ད་དུང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།
གྲོས་མོལ་མ་མཛད་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་ཕུའུ་ཅིན་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་བསྡུས།
ཕུའུ་ཅིན་ཐོན་པའི་སྐབས་སུ། གུས་ལུགས་དམག་མིས་གྲལ་བསྒྲིགས་ནས་གུས་འདུད་ཞུས་པ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གཟིགས་ཞིབ་སྟེགས་བུའི་སྟེང་དུ་ཕེབས་ཤིང་། དམག་མིའི་རོལ་དབྱངས་ཚོགས་པས་ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས21བཏང་། ཕུའུ་ཅིན་གྱིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བར་མ་ཟད། གྲལ་འགྲིག་པའི་འཁྲབ་སྟོན་ལ་ཡང་གཟིགས་པ་རེད། ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་ལོ་ཆུང་བྱིས་པས་ལག་ཏུ་མེ་ཏོག་ཆུན་པོ་བཟུང་བ་དང་ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་བསྒྲེངས་ནས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་ལ་གུས་འདུད་ཞུས།
ཉིན་དེའི་ཉིན་གུང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་ཕུའུ་ཅིན་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།
ཚའེ་ཆི་དང་ཏེན་ཞུའེ་ཞང་། ཝང་དབྱི། ཧི་ལིས་ཧྥིན། ཀྲང་གོ་ཆིན། ཧྲིན་དབྱི་ཆིན་སོགས་གོང་གསལ་བྱེད་སྒོར་ཞུགས་པ་རེད།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།