ཞི་ཅིན་ཕིང་དང་ཕུའུ་ཅིན་གཉིས་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་རིག་གནས་ལོའི་བྱེད་སྒོའི་འགོ་རྩོམ་མཛད་སྒོ་དང་ཀྲུང་ཨུའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཆེད་དོན་རོལ་དབྱངས་དགོང་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།
2024.05.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ5པའི་ཚེས16ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གཉིས་པེ་ཅིང་རྒྱལ་ཁབ་ཟློས་གར་ཁང་ཆེན་མོ་རུ“ཀྲུང་ཨུའི་རིག་གནས་ལོའི”བྱེད་སྒོའི་འགོ་རྩོམ་མཛད་སྒོ་དང་ཀྲུང་ཨུའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཆེད་དོན་རོལ་དབྱངས་དགོང་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཟླ5པའི་ཚེས16ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གཉིས་པེ་ཅིང་རྒྱལ་ཁབ་ཟློས་གར་ཁང་ཆེན་མོ་རུ“ཀྲུང་ཨུའི་རིག་གནས་ལོའི”བྱེད་སྒོའི་འགོ་རྩོམ་མཛད་སྒོ་དང་ཀྲུང་ཨུའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཆེད་དོན་རོལ་དབྱངས་དགོང་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

 ཞི་ཅིན་ཕིང་དང་ཕུའུ་ཅིན་གཉིས་སྤྲོ་སེམས་འཁོལ་བའི་དགའ་བསུའི་ཁྲོད་མཉམ་དུ་ཚོགས་རར་བསྐྱོད།

 ཞི་ཅིན་ཕིང་གིས་ཐོག་མར་ཤིས་ཚིག་ཕུལ།

 ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་རེད། ཀྲུང་ཨུའི་འབྲེལ་བའི་བཞི་ཆའི་གསུམ་གྱི་དུས་རབས་ཀྱི་བརྒྱུད་རིམ་ལས་ཀྲུང་ཨུའི་ཡུན་རིང་ཁྱིམ་མཚེས་རྒྱལ་ཁབ་མཛའ་མཐུན་དང་། ཁྱོན་ཡོངས་འཐབ་ཇུས་མཉམ་ལས། གཉིས་ཕན་མཉམ་ལས་མཉམ་རྒྱལ་བཅས་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་དང་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་མཐུན་པས། གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་དོན་སྙིང་གལ་ཆེན་ལྡན་པ་གསལ་བཤད་བྱས་ཡོད། ཕན་ཚུན་གྱིས་གཉེར་བའི་བརྗོད་དོན་གཙོ་བོའི་ལོ་དེ་ཀྲུང་ཨུའི་སྤྱི་ཚོགས་ཀྱི་མི་གཞུང་བརྗེ་རེས་ཀྱི་སྲོལ་རྒྱུན་བཟང་བོ་ཞིག་ཏུ་གྱུར་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལོ་རྒྱུས་སྟེང་གི་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་ཞིག་ཀྱང་ཡིན་པས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཡོངས་ཁྱབ་ངང་དགའ་བསུ་བྱེད་བཞིན་ཡོད། ན་ནིང་ང་དང་ཙུང་ཐུང་ཕུའུ་ཅིན་གྱིས2024ལོ་ནས2025ལོའི་བར“ཀྲུང་ཨུའི་རིག་གནས་ལོ”གཉེར་རྒྱུའི་གྲོས་ཐག་བཅད་པ་ཡིན། དེ་རིང་ཕྱོགས་གཉིས་ཀས་རིག་གནས་ཀྱི་དོན་ཆེན་དེ་སྤེལ་འགོ་དངོས་སུ་བརྩམས་པ་རེད། ཕྱོགས་གཉིས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བརྗེ་རེས་རྣམ་གྲངས་རབ་དང་རིམ་པ་གཉེར་ནས་རྒྱལ་ཁབ་གཉིས་ཀྱི་རིག་གནས་མཉམ་ལས་ཀྱི་སྦས་ཤུགས་སྔར་ལས་སྔོག་འདོན་བྱས་ཏེ་ཀྲུང་ཨུའི་རིག་གནས་བརྗེ་རེས་ཀྱི་མ་འོངས་པ་གསར་པ་མཉམ་དུ་གཏོད་རྒྱུ་ཡིན་པས། འདིས་ཀྲུང་ཨུའི་མཛའ་བརྩེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཕན་ཚུན་བར་དུ་རྒྱུས་ལོན་དང་མཛའ་མཐུན་ཡོང་བའི་ཐད་སྒུལ་ཤུགས་གསར་པ་སྣོན་ཐུབ་པར་ཡིད་ཆེས་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་མི་རིགས་རོལ་དབྱངས་ནི་འཛམ་གླིང་དཔལ་ཡོན་གྱི་མེ་ཏོག་ལྡུམ་རའི་ཁྲོད་ཀྱི་མཛེས་སྡུག་ལྡན་པའི་མེ་ཏོག་རྐང་གཅིག་རེད། དོ་དགོང་གི་རོལ་དབྱངས་ཀྱི་གསོལ་སྟོན་གཟབ་རྒྱས་དེ་ཀྲུང་གོ་དང་ཨུ་རུ་སིའི་རིག་གནས་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ངོ་མཚར་ཆེ་བའི་ལེའུ་ཞིག་ཏུ་འགྱུར་ངེས་ཡིན། ང་ཚོས“ཀྲུང་ཨུའི་རིག་གནས་ལོ”གོ་སྐབས་སུ་བཟུང་ནས་འབྲེལ་བ་བཙུགས་ཏེ་ལོ75འཁོར་བར་རྟེན་འབྲེལ་ཞུ་བ་འགོ་འཛུགས་ས་གསར་པར་བྱས་ཏེ་མཛའ་བརྩེ་དར་སྤེལ་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ་ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་གཟི་བརྗིད་བསྣན་ནས་ཀྲུང་ཨུའི་མཛའ་མཐུན་གྱི་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་པ་མཉམ་དུ་གཏོད་དགོས་ཞེས་གསུངས། 

ཕུའུ་ཅིན་གྱིས་ཤིས་ཚིག་འབུལ་སྐབས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བའི་སྐོར་གྱི་གདེང་འཇོག་ལེགས་པོ་དེར་ང་རང་ཧ་ཅང་མོས་མཐུན་ཡོད། ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ནི་སྤུན་ཟླ་དང་འདྲ། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་མི་དམངས་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་ལ་ཨུ་རུ་སི་མི་དམངས་ཀྱིས་སྙིང་ཐག་པ་ནས་དགའ་མོས་དང་ཡིད་སྨོན་བྱེད་ཀྱིན་ཡོད། ཨུ་རུ་སི་དང་ཀྲུང་པོའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་རིང་ལ་ཕྱོགས་གཉིས་ཀྱི་འབྲེལ་བར་ཉམས་མྱོང་རྩ་ཆེན་མང་པོ་བསགས་ཡོད་པས་མིག་སྔར་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་ཡིད་ཆེས་ལ་གཞིགས་ནས་རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ། རྒྱལ་སྤྱིའི་འབྲེལ་བའི་དཔེ་མཚོན་བཏོད་ཡོད། ཨུ་རུ་སི་དང་ཀྲུང་གོས་འབྲེལ་བ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་འདིར“ཨུ་རུ་སི་དང་ཀྲུང་གོའི་རིག་གནས་ལོའི”བྱེད་སྒོ་གཉེར་བར་ཚབ་མཚོན་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་དང་། ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་སྒྱུ་རྩལ་པའི་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་ལ་མཉམ་དུ་མྱོང་རོལ་བྱས། 

ཀྲུང་གོ་དང་ཨུ་རུ་སིའི་ལས་རིགས་སོ་སོའི་མཛའ་མཐུན་མི་སྣ་སྟོང་གཅིག་ཙམ་མཛད་སྒོར་ཞུགས། 

ཚའེ་ཆི་དང་། ཝང་དབྱི། ཧྲིན་དབྱི་ཆིན་སོགས་བྱེད་སྒོར་ཞུགས། 

ཤ་བོ་གསེར་མཚོས་བསྒྱུར།