ཞི་ཅིན་ཕིང་གིས་ཡུལ་སྐོར་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་།
2024.05.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུལ་སྐོར་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། བཅོས་སྒྱུར་སྒོ་འབྱེད་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། རང་རྒྱལ་གྱི་ཡུལ་སྐོར་ལས་དོན་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ནས། འཛམ་གླིང་ཧྲིལ་པོའི་རྒྱལ་ནང་གི་ཡུལ་སྐོར་ཁྲོམ་ར་ཆེ་ཤོས་རིམ་གྱིས་གྲུབ་སྟེ། རྒྱལ་སྤྱིའི་ཡུལ་སྐོར་གྱི་ཡུལ་སྐོར་ཐོན་ཁུངས་ཆེ་ཤོས་དང་དམིགས་འབེན་ས་ཁུལ་གཙོ་བོར་གྱུར་ཡོད། ཡུལ་སྐོར་ལས་རིགས་དེ་ཆུང་བ་ནས་ཆེ་བ་དང་ཉམས་ཞན་ནས་རིམ་བཞིན་སྟོབས་ལྡན་དུ་གྱུར་ཏེ། ཉིན་བཞིན་གསར་དར་གྱི་འཐབ་ཇུས་རང་བཞིན་གྱི་ཀ་རྟེན་ཐོན་ལས་དང་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་དམངས་འཚོའི་ཐོན་ལས། བདེ་སྐྱིད་ཐོན་ལས་བཅས་སུ་གྱུར་ནས། ཐུན་མོང་མ་ཡིན་པའི་ཀྲུང་གོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་གྲུབ་འབྲས་ཐོབ་པའི་ངང་བསྐྱོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། ཡུལ་སྐོར་འཕེལ་རྒྱས་ལ་གོ་སྐབས་གསར་པ་དང་འགྲན་སློང་གསར་པ་འཕྲད་ཡོད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། བདེན་སྲུང་གསར་གཏོད་དང་སྤུས་ཚད་དང་ཕན་འབྲས་མཉམ་དུ་ཇེ་མཐོར་གཏོང་བ། མཉམ་འདྲེས་འཕེལ་རྒྱས་བཅས་རྒྱུན་འཁྱོངས་བྱེད་དགོས་ལ། སྲིད་གཞུང་དང་ཁྲོམ་ར་དང་མཁོ་འདོན་དང་དགོས་མཁོ། སྲུང་སྐྱོབ་དང་གསར་སྤེལ། རྒྱལ་ནང་དང་རྒྱལ་སྤྱི། འཕེལ་རྒྱས་དང་བདེ་འཇགས་བཅས་ལ་གཅིག་གྱུར་འཆར་འགོད་གང་ལེགས་བྱས་ཏེ། དེང་རབས་ཡུལ་སྐོར་ལས་རིགས་ཀྱི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་རྒྱུར་ཤུགས་བསྣན་ནས། ཡུལ་སྐོར་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་བཏང་སྟེ། ཡུལ་སྐོར་ལས་རིགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཞབས་འདེགས་ཞུ་རྒྱུ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པ། ཀྲུང་གོའི་སྣང་བརྙན་མངོན་གང་ཐུབ་བྱེད་པ། ཤེས་རིག་མི་འདྲ་བ་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་བྱེད་དགོས། ས་གནས་དང་སྡེ་ཁག་སོ་སོས་ལས་ཀའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་ལས་ཇེ་དམ་དུ་གཏོང་བ་དང་། ལས་བགོས་གཞོགས་འདེགས་དང་དོན་འཁྱོལ་དམ་འཛིན་ནན་མོ་བྱས་ཏེ། ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

རྒྱལ་ཡོངས་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་ཟླ5པའི་ཚེས17ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལའེ་ཡིས་ཚོགས་ཐོག་ཏུ་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས་ནས་གཏམ་བཤད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཡུལ་སྐོར་འཕེལ་རྒྱས་སྐོར་གྱི་རྒྱས་བཤད་གལ་ཆེན་རབ་དང་རིམ་པར་སློབ་སྦྱོང་མཐར་ཕྱིན་དང་ལག་ལེན་དོན་འཁྱོལ་བྱས་ཏེ། རིག་གནས་ལ་བརྟེན་ནས་ཡུལ་སྐོར་བསྐྲུན་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་ཀྱི་ཆ་འབུར་ཐོན་ཡོང་བར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། ཐུན་མོང་མ་ཡིན་པའི་ཀྲུང་གོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་འབད་པས་བསྐྱོད་དགོས། ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་རྒྱུ་དང་། ཡུལ་སྐོར་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་བ། མ་ལག་ཆ་ཚང་བའི་འཆར་འགོད་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། རིག་གནས་ཤུལ་བཞག་དང་སྐྱེ་ཁམས་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པ། མཁོ་འདོན་ཆུ་ཚད་དང་ཞབས་ཞུའི་སྤུས་ཚད་སྔར་ལས་ཇེ་མཐོར་གཏོང་བ། རྒྱལ་སྤྱིའི་ཡུལ་སྐོར་བརྗེ་རེས་མཉམ་ལས་ཟབ་སྤེལ་བཅས་བྱས་ནས། ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས་ཞེས་བསྟན།

རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་གྱིས་ཚོགས་འདུར་འགོ་འཛིན་བྱས་ནས་སྤྱི་སྡོམ་གཏམ་བཤད་སྤེལ།

རིག་གནས་དང་ཡུལ་སྐོར་པུའུ་དང་ཕྱི་འབྲེལ་པུའུ། རང་བྱུང་ཐོན་ཁུངས་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཧེ་ལུང་ཅང་ཞིང་ཆེན། ཀྲེ་ཅང་ཞིང་ཆེན། ཧུའུ་ནན་ཞིང་ཆེན། ཀོས་ཀྲོའུ་ཞིང་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།