ཧན་ཀྲིན་གྱིས་ཨུ་རུ་སུའི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2024.05.18 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 16

 ཟླ5བའི་ཚེས17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཧའར་པེན་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་།

 ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གྱིས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ75འགོར་བའི་རིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སོང་བའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་། དུས་མཚམས་རྗེས་མའི་ཕྱོགས་གཉིས་ཀྱི་འཐབ་ཇུས་མཉམ་ལས་དང་གཉིས་ཕན་མཉམ་ལས་ཐད་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། ཉེ་བའི་ལོ་འགའི་རིང་ཀྲུང་ཨུའི་མཉམ་ལས་ཀྱི་འཕེལ་ཕྱོགས་བཟང་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དང་ཡོ་རོབ་གླིང་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་སྦྲེལ་མཐུད་དམ་ཟབ་བྱས་ནས་ཀྲུང་ཨུའི་དངོས་མང་བཤམས་སྟོན་ཚོགས་འདུ་དེ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་མཛེས་སྡུག་ལྡན་པའི་མིང་བྱང་ཞིག་ཏུ་གྱུར་ཡོད། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་པར་བརྟེན་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་པོ་ཐོབ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ངེས་པ་དོན་གྱི་ཕན་པ་བསྐྲུན་པར་མ་ཟད། འཛམ་གླིང་མཉམ་དུ་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་ཐུབ་པར་ཡིད་ཆེས་ཡོད་ཅེས་གསུངས། 

ཕུའུ་ཅིན་གྱིས་བསྟན་དོན། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་ཐུག་འཕྲད་བྱས་ནས་ནང་དོན་ཕུན་སུམ་ཚོགས་ལ་ཕན་འབྲས་ལྡན་པའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཡུན་རིང་གི་འཆར་འགོད་བཟོས་པས་འཚམས་འདྲི་ཕུན་སུམ་ཚོགས་པོ་བྱུང་ཡོད། ཕྱོགས་གཉིས་ཀྱིས་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱག་པ། ཡོན་ཏུང་ས་ཁུལ་དང་བྱང་ཤར་ས་གནས་བར་གྱི་མཉམ་ལས་ལ་སྔར་ལས་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་ཡག་པོ་ཡོང་བར་སྐུལ་འདེད་གཏོང་དགོས།

ཤ་བོ་གསེར་མཚོས་བསྒྱུར།