ཞི་ཅིན་ཕིང་གིས་སྐབས་བརྒྱད་པའི་ཀྲུང་གོ་དང་ཨུ་རུ་སིའི་དངོས་མང་བཤམས་སྟོན་ཚོགས་འདུར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
2024.05.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཞི་ཅིན་ཕིང་གིས་སྐབས་བརྒྱད་པའི་ཀྲུང་གོ་དང་ཨུ་རུ་སིའི་དངོས་མང་བཤམས་སྟོན་ཚོགས་འདུར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཟླ5པའི་ཚེས17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་བརྒྱད་པའི་ཀྲུང་གོ་དང་ཨུ་རུ་སིའི་དངོས་མང་བཤམས་སྟོན་ཚོགས་འདུར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་གོམ་སྟབས་བརྟན་པོས་མདུན་དུ་བསྐྱོད་པ་དང་། ཏན་ཏན་ཏིག་ཏིག་གི་མཉམ་ལས་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སི་གཉིས་བར་འབྲེལ་བ་བཙུགས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན། ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་བ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་ལོ་རྒྱུས་ཀྱི་གོ་སྐབས་གསར་བ་ཞིག་དང་། འཕེལ་རྒྱས་ཀྱི་མདུན་ལྗོངས་སྔར་ལས་ཡངས་མོ་ཞིག་བསྐྲུན་ཐུབ་ཅེས་གསུངས།

ཞི་ཅིན་ཕིང་གིས་ལོ་མང་རིང་གི་སྐྱེད་སྲིང་དང་འཕེལ་རྒྱས་བརྒྱུད་རྗེས། ཀྲུང་གོ་དང་ཨུ་རུ་སིའི་དངོས་མང་བཤམས་སྟོན་ཚོགས་འདུ་དེ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། རྒྱལ་ཁབ་གཉིས་ཀྱི་ལས་རིགས་ཁག་གིས་སྐབས་འདིའི་དངོས་མང་བཤམས་སྟོན་ཚོགས་འདུའི་གོ་སྐབས་དམ་འཛིན་གང་ལེགས་བྱས་ནས།    བརྗེ་རེས་གཏིང་ཟབ་དང་གོ་སྐབས་མཉམ་སྤྱོད་བྱེད་པ་དང་། ཐུན་མོང་གིས་ཀྲུང་གོ་དང་ཨུ་རུ་སིའི་གཉིས་ཕན་མཉམ་ལས་འབྲེལ་བར་སྐུལ་འདེད་གཏོང་རྒྱུར་ནུས་པ་བཏོན་ཏེ།  རྒྱལ་ཁབ་གཉིས་ཀྱི་དུས་རབས་གསར་བའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་སྣོན་འདོད་ཡོད་ཅེས་ནན་གྱིས་གསུངས།

ཀྲུང་གོ་དང་ཨུ་རུ་སིའི་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་བརྒྱད་པའི་བརྗོད་དོན་ནི་མཉམ་ལས་དང་། ཕན་ཚུན་ཡིད་རྟོན། གོ་སྐབས་བཅས་ཡིན་ཞིང་། ཚོང་དོན་པུའུ་དང་། ཧེ་ལུང་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་། ཨུ་རུ་སིའི་དཔལ་འབྱོར་འཕེལ་རྒྱས་པུའུ། ཨུ་རུ་སིའི་བཟོ་ལས་དང་ཉོ་ཚོང་པུའུ་བཅས་ཀྱིས་མཉམ་དུ་འགན་སྒྲུབ་བྱས་པ་དང་། ཉིན་དེར་ཧེ་ལུང་ཅང་ཞིང་ཆེན་ཧྭ་ཨར་པིན་གྲོང་ཁྱེར་ནས་ཚོགས་འདུའི་མགོ་བརྩམས་པ་རེད།

ལྷ་མོ་འཚོས་བསྒྱུར།