ཧན་ཀྲིན་དང་ཨུ་རུ་སུའི་ཙུང་ཐུང་མཉམ་དུ་ཀྲུང་ཨུའི་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་བརྒྱད་པའི་འགོ་རྩོམ་མཛད་སྒོར་ཞུགས། 
2024.05.18 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 14

ཟླ5པའི་ཚེས17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཧའར་པེན་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་ཀྲུང་ཨུའི་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་བརྒྱད་པའི་འགོ་རྩོམ་མཛད་སྒོར་ཞུགས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས་པར་མ་ཟད་ཤིས་ཚིག་ཕུལ།

ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གྱིས་ཁ་སང་སྟེ་ཟླ5པའི་ཚེས16ཉིན་པེ་ཅིང་དུ་ཐུག་འཕྲད་བྱས་ནས།    ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་འཕེལ་རྒྱས་གཏོང་བའི་འདུན་པ་གསར་པ་དང་འཆར་གཞི་གསར་པ་མཉམ་དུ་འཆར་འགོད་བྱས་ཡོད། ད་ལོ་ནི་ཀྲུང་ཨུའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་རེད། ཀྲུང་ཨུའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་ཕྱིན་པ་དང་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། 2023ལོར་ཀྲུང་གོ་དང་ཨུ་རུ་སུའི་ཚོང་དོན་གྲངས་འབོར་ཨ་སྒོར་ཁྲག་ཁྲིག་གཉིས་དང་ཐེར་ཆེན་བཞི་དུང་ཕྱུར་གཅིག་གི་ཟིན་ཐོ་བསྐྲུན་པ་དང་། ཀྲུང་གོ་ལོ་བཅུ་བཞིའི་རིང་བསྟུད་མར་ཨུ་རུ་སུའི་ཚོང་དོན་རོགས་རེས་རྒྱལ་ཁབ་ཆེ་གྲས་དང་པོར་གྱུར་ཡོད། རྒྱལ་ཁབ་གཉིས་ཀྱི་ཕན་ཚུན་དངུལ་གཏོང་གཞི་ཁྱོན་རྒྱུན་མཐུད་ངང་འཕར་བ་དང་། ནུས་ཁུངས་དང་། རྫས་འགྱུར་བཟོ་ལས། མཁའ་འགྲུལ་འཇིག་རྟེན་འཕུར་བསྐྱོད། ཕན་ཚུན་འབྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་རྣམ་གྲངས་གལ་ཆེན་མཉམ་ལས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད། ཀྲུང་ཨུའི་གཉིས་ཕན་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ལ་འགྲོ་བར་སྒུལ་ཤུགས་གསར་པ་བསྣན་ཡོད།

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་ཨུའི་དངོས་མང་བཤམས་སྟོན་ཚོགས་འདུ་དེ་རྒྱལ་ཁབ་གཉིས་ཀྱི་ས་གནས་བར་དང་ཁེ་ལས་ལས་རིགས་ཀྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། སྐབས་འདིའི་དངོས་མང་བཤམས་སྟོན་ཚོགས་འདུའི་བརྗོད་བྱ་གཙོ་བོ་ནི་“མཉམ་ལས་དང་། ཕན་ཚུན་ཡིད་ཆེས་། གོ་སྐབས་”བཅས་རེད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། མཉམ་ལས་གཏིང་ཟབ་ཏུ་གཏོང་བ། གོ་སྐབས་དམ་འཛིན་བཅས་བྱས་ཏེ་ཕྱོགས་གཉིས་ཀྱི་ཚོང་དོན་གྱི་འཕེལ་ཕྱོགས་སྲ་བརྟན་དུ་གཏོང་བ་དང་། ས་གནས་དང་མི་གཞུང་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ། མཉམ་ལས་ཁྱབ་ཁོངས་གསར་པ་མཉམ་དུ་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ།   ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད།

ཕུའུ་ཅིན་གྱིས་ཤིས་ཚིག་ནང་བསྟན་དོན། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་གྲུབ་འབྲས་ལྡན་པའི་ཐུག་འཕྲད་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་དང་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་ཆེད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ཧའར་པེན་ནི་ཨུ་ཀྲུང་འབྲེལ་བའི་འོད་སྟོང་འཕྲོ་བའི་དཔེ་མཚོན་ཞིག་རེད། ང་ཚོས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཀྱི་སྲོལ་རྒྱུན་ལ་གཅེས་འཛིན་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀྱིས་སྦས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ཨུ་རུ་སུ་དང་ཀྲུང་གོའི་དངོས་མང་བཤམས་སྟོན་ཚོགས་འདུའི་སྟེགས་བུའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་དང་། ནུས་ཁུངས། བཟོ་ལས། རྒྱལ་མཚམས་སྒྲོལ་བའི་འགྲིམ་འགྲུལ། ཡུལ་སྐོར། ཞིང་ལས། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་ནས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་རྒྱུའི་རེ་བ་ཡོད།

འགོ་རྩོམ་མཛད་སྒོ་སྤེལ་རྗེས། ཧན་ཀྲིན་དང་ཕུའུ་ཅིན་གྱིས་མཉམ་དུ་དངོས་མང་བཤམས་སྟོན་ཚོགས་འདུའི་འགྲེམས་སྟོན་ཁང་ལ་སྐོར་ཞིབ་གནང་བ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་གནས་ཚུལ་ངོ་སྤྲོད་བྱས་པར་གསན་ལ། འགྲེམས་སྟོན་དུ་ཞུགས་པའི་ལས་ཁུངས་ཀྱི་འགན་འཁུར་བ་དང་བསམ་ཚུལ་བརྗེ་རེས་གནང་།

ཤ་བོ་གསེར་མཚོས་བསྒྱུར།