མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་ཅང་སུའུ་རུ་རྟོག་ཞིབ་བྱས།
2024.05.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ5པའི་ཚེས16ཉིན་ནས་ཚེས17ཉིན་བར་དུ། མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་ཅང་སུའུ་ལ་རྟོག་ཞིབ་བྱེད་དུ་སོང་། ཅང་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིན་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཞིང་ཆེན་གཉིས་ཀྱི་ཁ་གཏད་རོགས་སྐྱོར་དང་མཉམ་ལས་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས་ནས་གཏམ་བཤད།  ཅང་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞུས་ཁུན་ལིན་གྱིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་རྟོག་ཞིབ་བྱེད་རོགས་བྱས།

ཞིན་ཁྲང་ཞིན་གྱིས་ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་ཅང་སུའུ་ལ་རྟོག་ཞིབ་བྱེད་དུ་ཡོང་བར་དགའ་བསུ་ཞུས། ཁོས་ན་ནིང་ཅང་སུའུ་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་འཐུས་ཚབ་ཚོགས་པས་བརྗེ་རེས་ཟབ་མོ་བྱས་ནས། ཁ་གཏད་རོགས་སྐྱོར་དང་མཉམ་ལས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། ལོ་ངོ་གཅིག་གི་རིང་ལ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་སེམས་ལ་བརྟན་པོར་བཅངས་ནས། “ཆེས་ཆེ་བ་གསུམ་གྱི”ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང་། “སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ལ་དངོས་ནས་རྐང་ཚུགས་པར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་བྱས་པ་དང་རྣམ་པ་གསར་པ་མངོན་པར་བྱས་པ་ལ་ང་ཚོས་སྙིང་ཐག་པ་ནས་དགའ་གུས་དང་ཡིད་སྨོན་བྱེད་ཀྱིན་ཡོད། དེ་དང་ཆབས་ཅིག་ཏུ། ཕྱོགས་གཉིས་ཀས་མིང་རྟགས་བཀོད་པའི་མཉམ་ལས་གྲོས་མཐུན་མགྱོགས་མྱུར་ངང་ལག་བསྟར་བྱས་ནས། ཚང་མས་དེའི་ཐད་བསམ་གཞིག་དང་ཤུགས་བསྣན་ནས་ཁ་གཏད་རོགས་སྐྱོར་དང་མཉམ་ལས་སྔར་ལས་ཟབ་སྤེལ་གཏོང་བ་དང་། བརྗེ་རེས་དང་འགྲོ་འོང་སྔར་ལས་ཟབ་སྤེལ་གཏོང་བའི་ཐད་སྐུལ་འདེད་ནུས་ལྡན་བཏང་སྟེ། དེ་བསྟུན་གྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། སྐྱོད་ལམ་གསར་པའི་སྟེང་དུ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤར་ནུབ་མཉམ་ལས་ཟབ་སྤེལ་གཏོང་བ་དང་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་སྤེལ་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་དང་བརྩེ་དུང་ཟབ་མོ་བཅངས་ནས། ཞིང་ཆེན་གཉིས་ཀྱི་ཐོན་ཁུངས་ཀྱི་ཁྱད་ཆོས་དང་བསྡུར་གཞི་ཡོད་པའི་ལེགས་ཆ། ས་ཁོངས་ཀྱི་ཁྱད་ཆོས་བཅས་འདོན་སྤེལ་གང་ལེགས་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གང་མགྱོགས་གཏོང་རྒྱུར་དམ་པོར་དམིགས་ཏེ། མཉམ་ལས་ཀྱི་བར་སྟོང་གསར་པ་དང་གོ་སྐབས་གསར་པ་སྔར་ལས་རྒྱ་སྐྱེད་གཏོང་རྒྱུ་དང་། མཚོ་སྔོན་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་འབེན་དང་ལས་འགན་ལ་རོགས་སྐྱོར་གང་ལེགས་བྱ་རྒྱུར་དམ་པོར་དམིགས་ཏེ། ལས་གཞི་འཛུགས་སྐྲུན་དང་འཛད་སྤྱོད་མཉམ་ལས། ལས་ཞུགས་དང་ལས་གནས་བརྟན་གཏོང་། དམངས་ཕྱུག་འབབ་འཕར་སོགས་ཀྱི་ལས་རིམ་དམ་འཛིན་ནན་མོ་བྱས་ནས། སྤུས་ཚད་མཐོ་བའི་དོན་འཁྱོལ་གནད་འཁེལ་ཡོང་བར་འགན་ལེན་བྱེད་རྒྱུ་དང་། རྒྱལ་ཁབ་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་ལ་དམིགས་བཙུགས་ནས་འབྲེལ་མཐུད་ལ་ཤུགས་བསྣན་ཏེ། དུས་ཡུན་སྔར་ལས་རིང་བའི་མཉམ་ལས་འཕེལ་རྒྱས་ཀྱི་དོན་ཚན་གལ་ཆེན་ཁག་གཅིག་ལ་མཉམ་དུ་ཇུས་འགོད་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སྐྲུན་རྒྱུར་ཞབས་འདེགས་ཞུ་རྒྱུ་དང་ས་གནས་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གི་མངགས་བཅོལ་ལྟར་དུ། ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱི་ཚབ་བྱས་ཏེ། ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཅང་སུའུ་མི་དམངས་བཅས་ཀྱིས་དུས་ཡུན་རིང་པོར་མཚོ་སྔོན་ལ་སེམས་ཁུར་དང་རྒྱབ་སྐྱོར་གང་ལེགས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། ཁོས་ཉེ་བའི་ལོ་འདི་དག་གི་རིང་ལ། ཅང་སུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཟོས་པའི“སྟོབས་ལྡན་དང་འབྱོར་ཕྱུག མཛེས་སྡུག་ལྡན་པ། བླ་ན་མེད་པ་བཅས་ཀྱི” འཆར་འགོད་རླབས་ཆེན་གཞིར་བཟུང་ནས། “མདུན་ཕྱོགས་སུ་བསྐྱོད་དགོས་པ་བཞི”དང“གསར་པ་བཞི”ཡི་ལས་འགན་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་ནན་མོ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀུན་གྱི་མདུན་གྲལ་དུ་བསྐྱོད་པ་དང་དཔེ་སྟོན་བྱེད་པའི་འགན་འཁྲི་དང་ལས་འགན་མཐའ་གཅིག་ཏུ་འཁུར་ནས། ལག་ལེན་གྱི་གྲུབ་འབྲས་གསར་པར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འོད་ཟེར་སྟོང་ལྡན་གྱི་མདུན་ལྗོངས་བཏོད་ཡོད། ཅང་སུའུ་ཞིང་ཆེན་གྱིས་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་མཉམ་ལས་བྱས་པའི་ཚུན་ལ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱས་ཏེ། ནུས་ཤུགས་ཡོད་རྒུས་མཚོ་སྔོན་ལ་རྒྱབ་སྐྱོར་དང་རོགས་རམ་གང་ལེགས་བྱས་པར་བརྟེན། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་ཕན་འབྲས་གསར་པ་ཐོན་ཡོད། མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་མཛུབ་སྟོན་ཁ་ཕྱོགས་བརྒྱུད་དེ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད་ཅིང་། མུ་མཐུད་དུ་ཅང་སུའུ་ཞིང་ཆེན་ཚད་གཞིར་བཟུང་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་གང་ལེགས་བྱེད་པ། གཞི་གྲངས་དཔལ་འབྱོར་སྐྱེད་སྲིང་གང་ལེགས་བྱེད་པ། བཅོས་སྒྱུར་ཟབ་སྤེལ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་ནན་ཏན་བྱས་ཏེ། དྲིན་ཤེས་དྲིན་ཚོར་གྱི་བསམ་པ་དང་བྱ་སྤྱོད་ལ་བརྟེན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་བཞེས་དང་བརྩེ་སེམས་ཟབ་མོར་དྲིན་ལན་འཇལ་རྒྱུ་ཡིན་ལ། ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཅང་སུའུ་མི་དམངས་བཅས་ཀྱི་སྒེར་སེམས་སྤུ་ཙམ་ཡང་མེད་པའི་རོགས་སྐྱོར་ལ་དྲིན་ལན་འཇལ་རྒྱུ་ཡིན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས། ལྗང་མདོག་གློག་ཤུགས་རྩིས་རྒྱག་ནུས་པ། འཇོན་མིའི་རིག་སྟོབས། དམངས་འཚོ་འགན་ལེན་སོགས་ཁྱབ་ཁོངས་ཀྱི་རོགས་རེས་རྒྱབ་སྐྱོར་སྔར་ལས་ཟབ་སྤེལ་བྱས་ནས། མཉམ་དུ་ལག་གདང་སྦྲེལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སར་ཆས་བཞིན་པའི་ཅང་སུའུ་དང་མཚོ་སྔོན་གྱི་རོགས་སྐྱོར་རོགས་རེས་ཀྱི་ལེའུ་གསར་པ་འབྲི་རྒྱུའི་རེ་ལྟོས་ཆེ་ཟེར།

བཞུགས་མོལ་ཚོགས་འདུའི་སྟེང་དུ། ཅང་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་མཱ་ཞིན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གཉིས་ཀྱིས་ཞིང་ཆེན་གཉིས་ཀའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཁ་གཏད་རོགས་སྐྱོར་རོགས་རེས་གནས་ཚུལ་ངོ་སྤྲོད་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།