མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་ཚོང་འགུག་དངུལ་འདྲེན་བཞུགས་མོལ་ཚོགས་འདུ་ནན་ཅིན་དུ་བསྡུས།
2024.05.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ5ཚེས17ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་ཚོང་འགུག་དངུལ་འདྲེན་བཞུགས་མོལ་ཚོགས་འདུ་ཅང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར་དུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤར་ནུབ་རྒྱུད་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་དུས་རབས་གསར་བའི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བར་དམིགས་ནས་དྲིལ་སྒྲོག་ངོ་སྤྲོད་བྱས་ལ། མཉམ་དུ་མཉམ་ལས་ཀྱི་མདུན་ལྗོངས་ལ་ཇུས་འགོད་བྱས་ནས། མཛེས་སྡུག་གི་མ་འོངས་ཐད་ནས་གྲོས་སྡུར་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཝུའུ་ཞའོ་ཅུན་གྱིས་ཤིས་ཚིག་ནང་བཤད་རྒྱུར། རབ་མཛེས་མཚོ་སྔོན་ནི་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་ཐོན་ཁུངས་ཕྱུག་པའི་ཞིང་ཆེན། འཐབ་ཇུས་ཀྱི་ཞིང་ཆེན་གལ་ཆེན་ཡིན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་གོང་འོག་ཡོངས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་བྱས་པའི་ཁ་ཕྱོགས་བརྒྱུད་དེ་དཔའ་སྐྱེད་མདུན་སྐྱོད་བྱས་པ་དང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ཀྱི་གོ་གནས་ལ་རྐང་བཙུགས་ལ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་གཙིགས་འཛིན་བྱས་པས། སྐྱེ་ཁམས་རིན་ཐང་གི་སྔོག་འདོན་དུས་སྐབས་དང་ཚུལ་སྒྱུར་འཕེལ་རྒྱས་ཀྱི་གོ་སྐབས་དུས་རིམ། སྒོ་འབྱེད་མཉམ་ལས་ཀྱི་མཐོར་འདེགས་དུས་སྐབས་ལ་ཐུག་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་ནས་གོམ་སྟབས་བརྟན་པོ་བསྒྱུར་ལ། ལོ་རྒྱུས་སྟེང་ཆེས་བཟང་བའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་སླེབས། ལྷག་པར་དུ་དག་གཙང་ནུས་ཁུངས་ཕུན་སུམ་ཚོགས་པ་དང་། ནམ་ཟླ་སྐམ་འཁྱག་དང་གཙང་གསལ་ཡིན་པ་སོགས་ཀྱི་དགེ་མཚན་ལ་རྒྱབ་བརྟེན་ནས། སྐོར་ཐེངས་དང་པོའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་བསྒྱུར་གྱི་གོ་སྐབས་དམ་འཛིན་བྱས་པ་དང་། ཤར་གྲངས་ནུབ་རྩིས་ཀྱི་རྒྱལ་ཁབ་ཀྱི་བཀོད་སྒྲིག་དང་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་རྒྱའི་ཁྲོད་འདྲེས་པར་བྱས་ལ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཉམ་ལས་དང་གཞི་གྲངས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ནུབ་རྒྱུད་ལ་རྐང་འཛུགས་པ་དང་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་རྟེན་གཞི་འཛུགས་སྐྲུན་བྱས་ལ། ལྗང་གློག་ལྗང་རྩིས་སུ་བསྒྱུར་བ་དང་། གློག་སྐུད་འོད་འཁྲིད་ཚི་སྐུད་དུ་བསྒྱུར་ལ། དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་མཉམ་བསྲེས་གསར་གཏོད་སྒོས་འཕེལ་རྒྱས་སུ་བཏང་བ་དང་། ས་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་བཏང་ནས། སྒུལ་ནུས་གསར་བ་སྐྱེད་སྲིང་འཕེལ་རྒྱས་སུ་བཏང་བ་དང་འགྲན་ལམ་གསར་བ་གསར་འབྱེད་འཕེལ་རྒྱས་སུ་བཏང་། ཁེ་ལས་པ་ཚོ་མཚོ་སྔོན་དུ་ཡོང་ནས་མཚོ་སྔོན་ལ་སྔར་ལས་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་དུ་ལས་དར་བྱེད་པ། ལྗང་མདོག་རྩིས་ནུས་འཕེལ་རྒྱས་སུ་གཏོང་བ་དང་ལྗང་གློག་མཁོ་འདོན་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་པ། མཉམ་བསྲེས་བེད་སྤྱོད་རྒྱ་སྐྱེད་པའི་སྟེང་ལག་རྡང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱེད་པ་དང་མཉམ་ལས་མཉམ་རྒྱལ་བྱེད་པ། མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དང་མཛེས་སྡུག་མ་འོངས་གསར་སྐྲུན་བྱེད་པར་དགའ་བསུ་བྱེད་ཀྱིན་ཡོད།

བཞུགས་མོལ་ཚོགས་འདུའི་སྟེང་། ཚོས་ཞུགས་མི་སྣས་མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་དྲིལ་སྒྲོག་གློག་བརྙན་ལ་བལྟས་པ་དང་། ཞིང་ཆེན་གཞི་གྲངས་ཅུའུ་ཡི་འགན་ཁུར་བློ་མཐུན་གྱིས་མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས། མཚོ་ཤར་གྲོང་ཁྱེར་སྲིད་གཞུང་དང་ཅང་སུའུ་ཞིང་ཆེན་གྱི་འབྲེལ་ཡོད་ཁེ་ལས་ཀྱི་འཐུས་ཚབ་པས་གཏམ་བཤད། གཅིག་བསྡུས་སྒོས་མཉམ་ལས་ལས་གཞི་སྐོར་ཞིག་ལ་གྲོས་མཐུན་བཀོད་པ་དང་། སྤྱིའི་མ་དངུལ་གཏོང་ཚད་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བརྒྱད་ལས་བརྒལ།

ལིའུ་ཁྲའོ་ཡིས་མགོ་འཛིན་བྱས་པ་དང་། ཚེ་རིང་ཐར་དང་ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧན་ཚོགས་འདུར་ཞུགས། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ། བཟོ་ལས་ར་བའི་ཁུལ་སོ་སོ། མཚོ་སྔོན་དུ་སྡོད་པའི་རྨང་གཞིའི་གློག་འཕྲིན་ཁེ་ལས་དང་ཅང་སུའུ་ཞིང་ཆེན་གཞི་གྲངས་ཅུའུ་ཡི་འགན་ཁུར་མི་སྣ། ཅང་སུའུ་དང་པེ་ཅིང་། ཧྲང་ཧེ། ཀྲེ་ཅང་སོགས་ཞིང་ཆེན་དང་གྲོང་ཁྱེར་བཅུ་གཉིས་ནས་ཡོང་བའི་ཁེ་ལས་བརྒྱ་དང་བཅུ་བདུན་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་མི་སྣ་ཚོགས་འདུར་ཞུགས།

རིན་ཆེན་མཚོས་བསྒྱུར།