ཟླ5ཚེས18ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་བསྐྱོད་ལམ་གསར་བར་འབད་པས་བསྐྱོད་པ་དང་རྒྱལ་ཁབ་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་པའི2024ལོའི་མཚོ་སྔོན་ཞིང་ཆེན་གྱི་ཆེས་མཛེས་པའི་ཁྱིམ་ཚང་གི་གཏམ་རྒྱུད་མཉམ་སྤྱོད་འགྲེམ་སྟོན་བྱ་འགུལ་ཟི་ལིང་དུ་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐེན་ཁུའེ། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མ་ཀྲི་ཝེ་བཅས་བྱ་འགུལ་ལ་ཞུགས།
བྱ་འགུལ་མེ་ཏོག་ལྷམ་མེར་བཞད་ཅེས་པའི་ཞབས་བྲོའི་ཁྲོད་འགོ་བརྩམས་པ་དང་། གདན་ཞུ་ལྟར་བྱ་འགུལ་ལ་ཞུགས་པའི་འཐུས་ཚབ་ཁྱིམ་ཚང་གསུམ་གྱིས་རང་སོ་སོའི་ཁྱིམ་ཚང་གི་གཏམ་རྒྱུད་མཉམ་སྤྱོད་བྱས།
བྱ་འགུལ་ཡུལ་དངོས་སུ་ད་དུང་ཞིང་ཆེན་དང་གྲོང་ཁྱེར་སྐོར་ཞིག་གི་ཆེས་མཛེས་པའི་ཁྱིམ་ཚང་གདན་ཞུ་བྱས་པ་དང་། ཕུལ་བྱུང་ཁྱིམ་ཚང་དང་དཔེ་མཚོན་ཁྱིམ་ཚང་གི་འཐུས་ཚབ་ཀྱིས་ནུས་རྩལ་ཤེས་ཡོན་འགྲེམ་སྟོན་དང་བརྗེ་རེས་གླེང་མོལ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཁྱིམ་ཚང་གི་དྲོད་ཁོལ་དང་མཛེས་སྡུག་འགྲེམ་སྟོན་བྱས་པ་དང་། ཁྱིམ་ཚང་གི་དཔལ་ཡོན་དར་སྲོལ་གསར་བ་གྲུབ་པར་བྱས་ལ། མཚོ་སྔོན་གྱིས་དུས་རབས་གསར་བའི་ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྲུན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་མཛེས་སྡུག་གི་པར་རིས་འགྲེམ་སྟོན་བྱས།
རིན་ཆེན་མཚོས་བསྒྱུར།