བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ནས་ཁྱད་ཆོས་གཟེངས་སུ་ཐོན་པའི་ཀྲུང་གོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་དགོས།
2024.05.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྐོར་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས། དེང་རབས་ཡུལ་སྐོར་ལས་རིགས་ཀྱི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་རྒྱུར་ཤུགས་བསྣན་ཏེ། ཡུལ་སྐོར་སྟོབས་ལྡན་རྒྱལ་ཁབ་གང་མགྱོགས་ངང་བསྐྲུན་ནས། ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་བརྟན་པོ་དང་འཕེལ་རྒྱས་ཡུན་རིང་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས། རྒྱ་ཆེའི་རིག་གནས་དང་ཡུལ་སྐོར་ལས་དོན་པས་ངེས་པར་དུ། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས་ཟེར།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། རང་རྒྱལ་གྱི་ཡུལ་སྐོར་འཕེལ་རྒྱས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་སྟེ། འཛམ་གླིང་ཧྲིལ་པོའི་རྒྱལ་ནང་གི་ཡུལ་སྐོར་ཁྲོམ་ར་ཆེ་ཤོས་རིམ་གྱིས་གྲུབ་ནས། རྒྱལ་སྤྱིའི་ཡུལ་སྐོར་གྱི་ཐོན་ཁུངས་ཆེ་ཤོས་དང་དམིགས་འཛུགས་ས་གཙོ་བོར་གྱུར་ཡོད། ཡུལ་སྐོར་ལས་རིགས་དེ་ཆུང་བ་ནས་ཆེ་བ་དང་གཉོམ་ཞན་ནས་རིམ་བཞིན་སྟོབས་ལྡན་དུ་ཕྱིན་ནས། གསར་དར་འཐབ་ཇུས་རང་བཞིན་གྱི་ཀ་རྟེན་ཐོན་ལས་དང་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་དམངས་འཚོའི་ཐོན་ལས་དང་བདེ་སྐྱིད་ཐོན་ལས་བཅས་སུ་རིམ་གྱིས་གྱུར་ཏེ། ཁྱད་ཆོས་གཟེངས་སུ་ཐོན་པའི་ཀྲུང་གོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་གྲུབ་འབྲས་ཐོབ་པའི་ངང་བསྐྱོད་ཡོད།

ཡུལ་སྐོར་ནི་རྒྱལ་ཁབ་མི་འདྲ་བ་དང་རིག་གནས་མི་འདྲ་བ་ཕན་ཚུན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཐབས་ལམ་གལ་ཆེན་ཞིག་དང་། དཔལ་འབྱོར་འཕེལ་རྒྱས་དང་ལས་ཞུགས་སྔར་ལས་ཇེ་མང་དུ་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་ལ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བའི་ཐོན་ལས་གལ་ཆེན་ཞིག་ཀྱང་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁྱོན་ཡོངས་ལ་དམ་པོར་དམིགས་ཏེ། རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཡང་དག་ཆུད་པར་བྱས་ནས། མཛུབ་སྟོན་དང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ནས། དུས་རབས་གསར་པའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་འཆར་གཞི་དང་ཐབས་ལམ་ཁ་གསལ་གནང་བའི་དབང་གིས། ད་ཆ་རང་རྒྱལ་གྱི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བཞིན་པའི་དུས་སྐབས་སུ་སླེབས་ཡོད།

བསྡོམས་རྩིས་བྱས་པ་ལྟར་ན། 2023ལོར་རང་རྒྱལ་རྒྱལ་ནང་དུ་ཡུལ་སྐོར་བྱེད་མཁན་མི་ཐེངས་ཐེར་འབུམ་བཞི་དང་དུང་ཕྱུར་བརྒྱད་བྱེ་བ་དགུ་ས་ཡ་གཅིག་ལ་སླེབས་ཡོད་ཅིང་། གྲངས་ཚད་དེ་ཉིད་ལོ་སྔོན་མ་ལས་མི་ཐེངས་ཐེར་འབུམ་གཉིས་དང་དུང་ཕྱུར་གསུམ་བྱེ་བ་དྲུག་ས་ཡ་གཅིག་ལ་འཕར་བ་དང་། འཕར་ཙད་བརྒྱ་ཆའི་གོ་གསུམ་དང་གྲངས་ཆུང་གསུམ་རེད། དེའི་ནང་རྒྱལ་ཡོངས་ཀྱི་དམར་པོའི་ཡུལ་སྐོར་སྣེ་ལེན་བྱེད་མཁན་མི་ཐེངས་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བྱེ་བ་བརྒྱད་ས་ཡ་དྲུག་ཟིན་པ་དང་། རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་བྱེད་མཁན་སྔར་གྱི་མི་ཐེངས་དུང་ཕྱུར་བརྒྱད་ཙམ་ནས་ད་ལྟའི་ཐེར་འབུམ་གསུམ་བར་འཕར་ནས། གྲོང་གསེབ་ཡུལ་སྐོར་དེ་གྲོང་གསེབ་དར་སྤེལ་གཏོང་རྒྱུར་རོགས་རམ་བྱེད་པའི་གསར་དར་ཐོན་ལས་གལ་ཆེན་ཞིག་ཏུ་གྱུར་ཡོད། སྔོན་དཔག་བྱས་པ་ལྟར་ན། 2024ལོར་རྒྱལ་ནང་གི་ཡུལ་སྐོར་ལ་འགྲོ་བའི་མི་གྲངས་མི་ཐེངས་ཐེར་འབུམ་དྲུག་ལས་བརྒལ་ངེས་ཡིན་པ་དང་། ཡུལ་སྐོར་ཡོང་འབབ་དེ2022ལོའི་སྒོར་དུང་ཕྱུར་ཁྲི་བཞི་དང་བཞི་སྟོང་དྲུག་བརྒྱ་ནས་དུང་ཕྱུར་ཁྲི་དྲུག་བར་འཕར་རྒྱུ་རེད།

དུས་མཚུངས་སུ། ཡུལ་སྐོར་གྱིས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་འཆད་པ་དང་།“མཛེས་སྡུག་ལྡན་པའི་ཀྲུང་གོའི”སྣང་བརྙན་མངོན་གང་ཐུབ་བྱེད་པ། མི་གཞུང་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱིན་ཡོད། ད་ལོའི་དུས་ཚིགས་དང་པོའི་ནང་དུ། ཕྱི་རྒྱལ་པ་ཀྲུང་གོར་ཡོང་བའི་མི་གྲངས་མི་ཐེངས་ས་ཡ་དྲུག་དང་འབུམ་ལྔ་ཁྲི་བདུན་སྟོང་ལྔ་ཟིན་ཡོད་ཅིང་། དེའི་ནང་ཡུལ་སྐོར་ལྟ་སྐོར་བྱེད་མཁན་མང་ཤོས་ཡིན་པ་དེས་བསྡུར་ཚད་ཀྱི་བཅུ་ཆའི་གསུམ་ལས་བརྒལ་ཡོད། “རྒྱུད་གཅིག་ལམ་གཅིག”གི་ཡུལ་སྐོར་མཉམ་ལས་དང་ཨེ་ཤ་ཡའི་ཡུལ་སྐོར་སྐུལ་འདེད་འཆར་གཞི་སོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།