ཝང་དབྱི་ཡིས་ཐཱ་ཅི་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་མུའུ་ཧི་ལིས་ཏེན་དང་གྲོས་མོལ་མཛད།
2024.05.20 ཁུངས། མི་དམངས་དྲ་བ། ཀློག་གྲངས། 15

 ས་དེའི་དུས་ཚོད་ཟླ5པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཏུའུ་ཧྲང་པེ་ནས་ཐཱ་ཅི་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་མུའུ་ཧི་ལིས་ཏེན་དང་གྲོས་མོལ་མཛད།

ཝང་དབྱི་ཡིས་བསྟན་དོན། ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་ཆེ་ཆུང་མི་འདྲ་བ་དང་རྒྱལ་ཁབ་ཀྱི་གནས་ཚུལ་མི་འདྲ་མོད། འོན་ཀྱང་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས།  ཕན་ཚུན་འདྲ་མཉམ་བཅས་ཀྱི་ལྟ་སྟངས་འཛིན་པ་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་བཟང་པོ་ཞིག་ཡིན་ལ། ཕན་ཚུན་རོགས་རེས་ཀྱི་གྲོགས་པོ་བཟང་པོ་དང་འཕེལ་རྒྱས་དོན་གཉེར་བྱེད་པའི་གྲོགས་པོ་བཟང་པོ་ཞིག་ཀྱང་ཡིན། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་འཐབ་ཇུས་ཀྱི་ཁྲིད་སྟོན་འོག  ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་རྒྱུན་ཆད་མེད་པར་བསྐྱོད་དེ།  ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འབད་འཐབ་དམིགས་འབེན་གསལ་བོར་བྱས་ཡོད། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོར་འབྲེལ་བ་ཡོད་པའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་བློ་རྩ་བརྟན་པོས་ཕན་ཚུན་རྒྱབ་སྐྱོར་བྱེད་རྒྱུ་ཡིན།  ཀྲུང་གོའི་ཕྱོགས་ཀྱིས་རང་ནུས་གང་ཡོད་བཏོན་ནས་ཐཱ་ཅི་ཁི་སི་ཐན་གྱིས་བཟོ་ལས་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བར་རོགས་རམ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ། གྲུབ་འབྲས་ཐོབ་པའི་འཕེལ་རྒྱས་དང་དར་རྒྱས་ཀྱི་ལམ་བུ་ཞིག་གཏོད་པ་བཅས་བྱས་ཏེ།  ཐཱ་ཅི་ཁི་སི་ཐན་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་བདེ་སྐྱིད་བསྐྲུན་འདོད་ཡོད།

ཝང་དབྱི་ཡིས་བསྟན་དོན།  ལོ་བརྒྱའི་འགྱུར་ལྡོག་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་རྙོག་འཛིང་དང་འགྱུར་ལྡོག་ཆེ་བས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གནས་བབ་གསར་པ་དང་འགྲན་སློང་གསར་པ་འཕྲད་ཡོད།  ཕྱོགས་གཉིས་ཀྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་དང་། ཕན་ཚུན་གསབ་རེས་ཀྱི་དགེ་མཚན་འདོན་སྤེལ།  དངོས་སྒྲུབ་མཉམ་ལས་ཀྱི་སྤུས་ཚད་མཐོར་གཏོང་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་གོས་ཐཱ་ཅི་ཁི་སི་ཐན་དང་ཉོ་ཚོང་གཞི་ཁྱོན་སྔར་ལས་མཐོར་འདེགས་དང་། ཕན་ཚུན་འབྲེལ་འདྲིས་ཀྱི་སྦས་ཤུགས་སྔོག་འདོན། གཏེར་ཁའི་ཐོན་ཁུངས་མཉམ་ལས་ལ་སྐུལ་འདེད། ནུས་ཁུངས་གསར་པ་དང་ལྗང་མདོག་རིགས་སྒྱུར་སོགས་གསར་དར་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་མ་འཇོག་ཁེ་ལས་སྔར་ལས་མང་པོས་ཐཱ་ཅི་ཁི་སི་ཐན་ལ་མ་དངུལ་གཏོང་བ་དང་ལས་རིགས་དར་སྤེལ་གཏོང་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་པས།  ཐཱ་ཅི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་ཚོང་གཉེར་ཁོར་ཡུག་ཡག་པོ་ཞིག་མཁོ་འདོན་བྱེད་པར་རེ་བ་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཐཱ་ཅི་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་མུ་མཐུད་དུ་བློ་བརྟན་འགྱུར་མེད་སྒོས་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ།  མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་ཁེ་ཕན་སྲུང་སྐྱོང་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་དགོས།

མུའུ་ཧི་ལིས་ཏེན་གྱིས་བསྟན་དོན། ཐཱ་ཅི་ཁི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཐོག་མཐའ་བར་གསུམ་དུ་ཁྱིམ་མཚེས་མཛའ་མཐུན་དང་ཕན་ཚུན་ཡིད་ཆེས་བྱེད་པ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་ནི་ཐཱ་ཅི་ཁི་སི་ཐན་གྱི་འཐབ་ཇུས་གྲོགས་པོ་གལ་ཆེན་ཞིག་ཡིན་པས། གཙོ་འཛིན་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཕྱོགས་གཉིས་ཀྱིས་རིམ་པ་སོ་སོའི་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་།  སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བའི་ཆུ་ཚད་ལ་ཡིད་ཚིམ་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་ཆུ་ཚད་མཐོ་བའི་གྲོགས་པོའི་འབྲེལ་བར་གྲུབ་འབྲས་གསར་པ་སྔར་ལས་མང་པོ་ཐོབ་པར་རེ་སྒུག་བྱེད་ཀྱིན་ཡོད། ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱིས་སྔར་བཞིན་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ལ། ལངས་ཕྱོགས་དེར་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་སྲིད།  རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་ས་ཁུལ་གྱི་གནས་བབ་ལ་དམིགས་ནས། ཐཱ་ཅི་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་བདེ་འཇགས་སྐོར་གྱི་གྲོས་གཞི་དོན་འཁྱོལ་བྱས་ཏེ། ལག་གདང་སྦྲེལ་ནས་བདེ་འཇགས་སྐོར་གྱི་འགྲན་སློང་ལ་ཁ་གཏད་འཇལ་འདོད་ཡོད། ཐ་ཅི་ཁི་སི་ཐན་གྱིས་ཀྲུང་གོ་ཕྱོགས་དང་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྐྱེན་སྲོལ་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་བཅས་ལ་མཐོང་ཆེན་བྱས་ཏེ། ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་དོན་ལ་འགན་འཁུར་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་རྒྱུ་ཡིན།

གྲོས་མོལ་མཛད་རྗེས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་མཉམ་ལས་ཀྱི་ཡིག་ཆར་མིང་རྟགས་བཀོད་པ་མ་ཟད་མཉམ་དུ་གསར་འགོད་པར་ཐུག་འཕྲད་གནང་། 

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།