ཧྲིན་ཡུའེ་ཡུའེ་ཡིས་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཐུའུ་ཁུའུ་མན་སི་ཐན་ལ་འཚམས་འདྲི་བྱས།
2024.05.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ5པའི་ཚེས17ཉིན་ནས་ཚེས19ཉིན་བར་དུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁྱིམ་མཚེས་རྒྱལ་ཁབ་མཛའ་མཐུན་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྲིན་ཡུའེ་ཡུའེ་ཡིས་འཐུབ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཐུའུ་ཁུའུ་མན་སི་ཐན་ལ་མཛའ་མཐུན་འཚམས་འདྲི་བྱས་ནས། ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་པེ་ཨར་ཏི་མུའུ་ཧ་མའེ་ཏའོ་ཧྥུའུ་དང་། མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ལྕམ་མོ་པེ་ཨར་ཏི་མུའུ་ཧ་མའེ་ཏའོ་ཝ། ཙུང་ལི་གཞོན་པ་མཱ་མའེ་ཏའོ་ཝ་བཅས་དང་མཇལ་འཕྲད་བྱས་ནས། རྒྱལ་དམངས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཀུའུ་ཨར་མཱ་ནོ་ཝ་དང་གྲོས་མོལ་བྱས་པར་མ་ཟད། ཐུའུ་ཁུའུ་མན་སི་ཐན་གྱི་སྙན་ངག་པ་ཆེན་མོ་མཱ་ཧི་ཐུའུ་མུའུ་ཁུའུ་ལིས་སྐུ་འཁྲུངས་ནས་ལོ300འཁོར་བར་རྗེས་དྲན་ཞུ་བའི་རྒྱལ་སྤྱིའི་ཚོགས་འདུར་ཡང་ཞུགས།

ཧྲིན་ཡུའེ་ཡུའེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པེ་ཨར་ཏི་མུའུ་ཧ་མའེ་ཏའོ་ཧྥུའུ་གཉིས་ཀའི་འཐབ་ཇུས་སྣེ་ཁྲིད་འོག་ཏུ། རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐུའུ་ཁི་མན་སི་ཐན་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་དང་། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་སྐུལ་འདེད་གཏོང་བ། དམངས་སེམས་གཅིག་འདྲེས་ལ་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཐུའུ་ཁུའུ་མན་སི་ཐན་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་འདོད་ཡོད་ཅེས་བསྟན།

ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་ཕྱོགས་གཉིས་ཀའི་འབྲེལ་བར་ཚད་མཐོའི་གདེང་འཇོག་བྱས་ནས། རྒྱལ་ཁབ་གཉིས་ཀའི་ཆབ་སྲིད་དང་དཔལ་འབྱོར་ཚོང་དོན། ནུས་ཁུངས། འགྲིམ་འགྲུལ། མི་གཞུང་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བཏང་ནས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་ནས། ཐུན་མོང་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱེད་འདོད་ཡོད་ཅེས་བསྐྱར་སྒྲོག་བྱས། ཐུའུ་ཁུའུ་མན་སི་ཐན་རྒྱལ་དམངས་ཚོགས་འདུའི་སྟེང་དུ། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་བར་བརྗེ་རེས་དང་འཚམས་འདྲི་བྱེད་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།