ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་གིས་ཅིར་ཅི་སི་སི་ཐན་ལ་འཚམས་འདྲི་བྱས།
2024.05.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

2024ལོའི་ཟླ5པའི་ཚེས17ཉིན་ནས་ཚེས20ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་གིས་ཅིར་ཅི་སི་སི་ཐན་ལ་འཚམས་འདྲི་བྱས་ནས། ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ་དང་ཙུང་ལི་ཨ·ཀྲ་ཕ་ལའོ་ཧྥུའུ་ལ་ཐུག་འཕྲད་དང་གྲོས་མོལ་བྱས་ཏེ། ཀྲུང་གོ་དང་ཅིར་ཅི་སི་སི་ཐན་གྱི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས།

ལིའུ་གོ་ཀྲུང་གིས་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ་དང་ཙུང་ལི་ཨ·ཀྲ་ཕ་ལའོ་ཧྥུའུ་ལ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཆང་གི་བྱམས་བརྩེའི་འཚམས་འདྲི་བརྒྱུད་སྒྲོག་བྱས། ལིའུ་གོ་ཀྲུང་གིས་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་སྐུ་ངོ་མས་ཐུགས་ཁུར་ཟབ་བཞེས་དང་ཐད་ཀར་སྐུལ་འདེད་བཏང་བའི་འོག་ཏུ། རྒྱལ་ཁབ་གཉིས་ཀའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་པ་དང་། དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་ཟབ་སྤེལ་དང་རྒྱ་སྐྱེད་གཏོང་བ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། མཉམ་དུ་ལག་གདང་སྦྲེལ་ནས་ཁྱིམ་མཚེས་རྒྱལ་ཁབ་འཆམ་མཐུན་དང་དར་རྒྱས་མཉམ་སྤྱོད་ཀྱི། རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད་ཅེས་བསྟན།

ཙུང་ཐུང་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ་དང་ཙུང་ལི་ཨ·ཀྲ་ཕ་ལའོ་ཧྥུའུ་ཡིས་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཆང་ལ་བྱམས་བརྩེའི་འཚམས་འདྲི་བརྒྱུད་སྒྲོག་གནང་ནས། ཅིར་ཅི་སི་སི་ཐན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་བཞིན་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་། ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཐའེ་ཝན་དང་ཞིན་ཅང་དང་འབྲེལ་བ་ཡོད་པ། བོད་དང་འབྲེལ་བ་ཡོད་པ། ཞང་ཀང་དང་འབྲེལ་བ་ཡོད་པ་སོགས་ཀྱི་གནད་དོན་གལ་ཆེན་ཐད་ནས་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་དང་། འཛམ་གླིང་ཧྲིལ་པོའི་བདེ་འཇགས་གྲོས་འགོ་དང་ འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ འཛམ་གླིང་ཧྲིལ་པོའི་ཤེས་རིག་གྲོས་འགོ་བཅས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བསྐྱར་སྒྲོག་བྱས་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཕན་ཚུན་འབྲེལ་མཐུད་དང་དཔལ་འབྱོར་ཚོང་དོན། དངུལ་གཏོང་། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། མཉམ་དུ་འཕེལ་རྒྱས་གཏོང་བར་རོགས་རམ་བྱས་ནས། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་མངོན་སུམ་ཆེ་རུ་གཏོང་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།