རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། ཟླ5པའི་ཚེས8ཉིན་ནས་ཚེས17ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་བཙུགས་ཏེ། ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་གྲོང་ཁྱེར་དང་ཁུལ་གསུམ་དང་ཁོངས་གཏོགས་རྫོང་ཁུལ་བརྒྱད་དུ་སོང་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཉེན་སྲུང་བཅའ་ཁྲིམས་ལ་ཁྲིམས་བསྟར་ཞིབ་བཤེར་བྱས།
ཞིབ་བཤེར་ཚན་ཆུང་སྤྱི་ཚོགས་ཉེན་སྲུང་སྒྲུབ་འགན་ལས་ཁུངས་དང་ཁྲལ་དོན་ལས་ཁུངས། ཁེ་ལས་ལས་དོན་ལས་རིགས། སྡེ་ཁུལ་སོགས་སུ་གཏིང་ཟབ་ཏུ་ཞུགས་ཏེ། ཡུལ་དངོས་ཀྱི་ཞིབ་བཤེར་དང་བཅར་འདྲི་བརྗེ་རེས། རྒྱུ་ཆ་ཞིབ་ཀློག་སོགས་ཀྱི་བྱེད་ཐབས་སྤྱད་ནས། རང་ཞིང་གི་སྤྱི་ཚོགས་ཉེན་སྲུང་བྱ་བའི་འཁོར་སྐྱོད་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས།
ཞིབ་བཤེར་ཚན་ཆུང་གིས་རང་ཞིང་གི་ས་ཆ་སོ་སོས་སྤྱི་ཚོགས་ཉེན་སྲུང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་པའི་ཉམས་མྱོང་དང་སྒྲུབ་ཐབས་ལ་ཁས་ལེན་གང་ལེགས་བྱས། གཅིག་ནས་ཞིང་ཆེན་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། རང་ཞིང་གི་སྤྱི་ཚོགས་ཉེན་སྲུང་ཁྱབ་ཁོངས་ཀྱི་སྒྲིག་རིམ་སྲིད་ཇུས་ཞིབ་འཇུག་བྱས་ཏེ་པར་འགྲེམ་བྱས་ནས། ལམ་ལུགས་འཁོར་སྐྱོད་བྱེད་པར་ཁྲིམས་སྐྱོང་ཅན་གྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཤིང་། སྤྱི་ཚོགས་ཉེན་སྲུང་འགན་སྒྲུབ་ལས་ཁུངས་ཀྱི་ཁྲིམས་བསྟར་ལས་དོན་བསྒྲུབ་པ་དང་། ཞབས་ཞུ་འདོན་སྤྲོད་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས་ལ། གནད་དོན་ཞིབ་མོར་བཙལ་ནས། རྒྱལ་ཁབ་ངོས་ཐད་ནས་བཅའ་ཁྲིམས་བཟོ་བཅོས་བྱེད་པར་བློ་གྲོས་འབུལ་དགོས། གཉིས་ནས་ཉེན་སྲུང་ནང་ཞུགས་ཚད་རྒྱ་བསྐྱེད་པའི་འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། གནད་ཁེལ་རྒྱ་སྐྱེད་ཀྱི་ལོ་གསུམ་འགུལ་སྐྱོད་ཇུས་གཞི་ལག་བསྟར་བྱེད་པ་དང་། གཞི་གྲངས་ཀྱིས་མི་འཚོལ་བ་བརྒྱུད་དེ། མི་སྔར་ལས་མང་བོ་ཉེན་སྲུང་ཁྱབ་ཁོངས་ནང་འཇོག་པ་དང་། དཀའ་ངལ་ཅན་གྱི་ཚོགས་པར་རོགས་སྐྱོར་བྱེད་པའི་སྲིད་ཇུས་དངོས་འབེབས་བཟང་པོ་བྱེད་པ། གྲོང་གསེབ་སྡོད་དམངས་ཀྱི་རྒན་གསོ་ཉེན་སྲུང་གྲོན་དངུལ་ཚབ་བྱེད་ཅི་ཐུབ་བྱེད་པར་ཁག་ཐེག་བྱེད་དགོས་ཤིང་། གཞི་རྩའི་རྒན་གསོའི་ཉེན་སྲུང་གང་ནུས་ཀྱིན་འགན་སྲུང་བྱེད་དགོས། གསུམ་ནས་ཞབས་ཞུའི་སྤུས་ཚད་རྒྱུན་མཐུད་སྒོས་ཇེ་མཐོར་གཏོང་དགོས། སྒྲུབ་ལུགས་དུས་ཡུན་ཇེ་ཐུང་དུ་གཏོང་བ་དང་། གཅིག་སྡུས་རང་བཞིན་གྱི་རྣམ་པ་གསར་པའི་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། མི་ཚོགས་མི་འདྲ་བའི་སྒྲུབ་ལུགས་ཞབས་ཞུའི་སྣེ་མང་ཅན་གྱི་དགོས་མཁོ་བསྐང་ཐུབ་བྱེད་དགོས། བཞི་ནས་གཞི་གྲངས་སྩོལ་ནུས་ཀྱིས་ཐེབས་རྩའི་བདེ་འཇགས་འགོག་ཐིག་བརྟན་པོར་བཟོས་ཏེ། སྤྱི་ཚོགས་ཉེན་སྲུང་གཞི་གཅིག་ཅན་གྱི་ཆ་འཕྲིན་མ་ལག་འཛུགས་པ་དང་། རྒྱུན་རྣམ་ཅན་གྱིས་ཉེན་ཁར་ཞིབ་བཤེར་བྱེད་པ། བཟོད་སྒོམ་མེད་པའི་རྣམ་འགྱུར་གྱིས་མགོ་སྐོར་གཡོ་ལེན་སོགས་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས། སྤྱི་ཚོགས་ཉེན་སྲུང་ཐེབས་རྩའི་བདེ་འཇགས་དྲ་བ་ཚགས་དམ་བཟོ་དགོས་ཞེས་ནན་གྱིས་བསྟན།
རིག་འཛིན་སྒྲོལ་མས་བསྒྱུར།