ཐེན་ཅིན་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་མཚོ་སྔོན་དུ་རྟོག་ཞིབ་བྱས།
2024.05.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ5པའི་ཚེས20ཉིན། ཐེན་ཅིན་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་མཚོ་སྔོན་དུ་རྟོག་ཞིབ་བྱས་པ་མ་ཟད་བྱ་བ་བརྗེ་རེས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་པོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཁ་གཏད་རོགས་སྐྱོར་བྱ་བའི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ས་གནས་གཉིས་ཀྱི་མཉམ་ལས་གྲོས་མཐུན་དོན་འཁྱོལ་དངོས་འབེབས་བྱ་རྒྱུར་སྐུལ་འདེད་བཏང་།     ཐེན་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་མེན་ཨར་གྱིས་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། ཐེན་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཀྲང་ཀོང་དང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཞིང་ཆེན་དང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཁ་གཏད་རོགས་སྐྱོར་མཉམ་ལས་གནས་ཚུལ་ངོ་སྤྲོད་བྱས།

ཁྲིན་མེན་ཨར་གྱིས་ཐེན་ཅིན་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་བྱས་ནས་མཚོ་སྔོན་གྱིས་དུས་ཡུན་རིང་བོར་ཐེན་ཅིན་གྱི་བྱ་བར་རྒྱབ་སྐྱོར་བྱས་པ་དང་། ཐེན་ཅིན་གྱིས་རོགས་སྐྱོར་ལ་མངགས་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣར་སེམས་ཁུར་བྱས་པར་ཐུགས་རྗེ་ཆེ་ཞུ། ཁོས་བཤད་རྒྱུར། ད་ལོའི་ཟླ4པའི་ཚེས23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་བ་དང་། ནུབ་རྒྱུད་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཆར་གཞི་བཟོས་པ་དང་ཁ་ཕྱོགས་གསལ་སྟོན་གནང་ཡོད།     མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཐེན་ཅིན་ལ་སྤྲད་པའི་ལས་འགན་གལ་ཆེན་ཞིག་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཁ་གཏད་རོགས་སྐྱོར་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་ནན་མོ་བྱས་ཏེ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་དངོས་སུ་ཇེ་དྲག་ཏུ་གཏོང་བ་དང་། རྨ་ལྷོའི་དགོས་མཁོ་དང་ཐེན་ཅིན་གྱི་ནུས་པ་ཟུང་འབྲེལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཁ་གཏད་རོགས་སྐྱོར་བྱ་བ་ཡག་པོར་སྒྲུབ་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་དགོས།     ཐོན་ལས་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས“ཡུལ་དངོས་ཐོན་རྫས”ཀྱི་བྱ་བ་ལེགས་པོར་སྒྲུབ་པ་དང་། རྨ་ལྷོ་ཁུལ་གྱིས་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཁྱད་སྟོབས་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ།    སྤུས་ལེགས་ཞིང་ལས་ཐོན་རྫས་ཀྱི་ཚོང་རྟགས་སྔར་ལས་མང་པོ་བསྐྲུན་པ།    འཛད་སྤྱོད་རོགས་སྐྱོར་གཏིང་ཟབ་བྱེད་པ་བཅས་བྱས་ནས་ཁྲོམ་རའི་བར་སྟོང་སྔར་ལས་རྒྱ་ཆེར་གཏོང་བ་དང་།    ས་གནས་རང་གི་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས།     དམངས་ཚིས་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་།    སློབ་གསོ་དང་སྨན་བཅོས་རོགས་སྐྱོར་གཏིང་ཟབ་ཏུ་གཏོང་བ།    ངལ་ལས་མཉམ་ལས་བྱེད་ཤུགས་ཇེ་ཆེར་གཏོང་བ།    ལས་རིགས་རྩལ་ནུས་གསོ་སྦྱོང་སྤེལ་བ།    སྤྱི་པའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུར་རོགས་རམ་བྱེད་པ་དང་།    རོགས་སྐྱོར་བྱ་ཡུལ་གྱི་ངལ་རྩོལ་ནུས་ཤུགས་བརྟན་པོའི་ངང་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་།    བདེ་སྣང་བཅས་དངོས་སུ་ཇེ་དྲག་ཏུ་གཏོང་དགོས།  རིག་སྟོབས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས་དགོས་མཁོ་ལྟར་གནད་ལ་འཁེལ་བའི་སྒོ་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་ལེགས་འདེམས་དང་མངགས་གཏོང་བྱས་ཏེ། ཤེས་ལྡན་མི་སྣ་ཕྱོགས་གཉིས་ཕན་ཚུན་བར་བརྗེ་རེས་དང་ས་གནས་གཉིས་ནས་གསོ་སྦྱོང་བྱེད་པ།    ལས་གནས་དང་མཉམ་དུ་སྦྱོང་བརྡར་བྱེད་ཤུགས་ཇེ་ཆེར་བཏང་ནས་ཆ་སྡེབ་བྱེད་པ་དང་།    སློབ་མ་སྐྱེད་སྲིང་བྱེད་པ།    འགག་སྒྲོལ་མཉམ་སྒྲུབ་དང་མཉམ་དུ་འཚར་ལོངས་ཡོང་བར་བྱེད་དགོས།     ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས་དགེ་སྒྲུབ་ཞལ་འདེབས་དང་།    གཅེས་སེམས་ཆེན་པོས་སློབ་གྲྭར་རོགས་རམ་བྱེད་པ།   གྲོགས་སྒྲིག་རོགས་སྐྱོར་དང་སྤྱི་ཚོགས་ཀྱི་རོགས་སྐྱོར།    རིག་གནས་ཀྱི་བྱེད་སྒོ་སྤེལ་ནས་རིགས་སོ་སོའི་མང་ཚོགས་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས།     ཐེན་ཅིན་དང་མཚོ་སྔོན་བར་གྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རང་སོ་སོའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་།    ལྗང་མདོག་རྩིས་ནུས།    ཕྱི་ཕྱོགས་སྒོ་འབྱེད།    རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ཏེ། ལག་གདང་སྦྲེལ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་འབུལ་དགོས།

ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།    ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་བཅས་ཀྱི་ཚབ་བྱས་ནས་ཐེན་ཅིན་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་།    ཐེན་ཅིན་གྱིས་དུས་ཡུན་རིང་བོར་མཚོ་སྔོན་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། རྒྱལ་ཡོངས་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་ནན་མོ་བྱེད་པའི་སྐབས་སུ། ཐེན་ཅིན་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་རྟོག་ཞིབ་བྱེད་པར་ཕེབས་པས་ང་ཚོར་སློབ་གསོ་དང་སྐུལ་མ་ཆེན་པོ་ཐེབས་སོང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དང་བཅས་པའི་ནུབ་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པར་བརྗིད་ཆེའི་འཆར་གཞི་བཀོད་ཡོད།     མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དང་མཆན་བཀོད་ཀྱི་དགོངས་དོན་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱས་ཏེ། བྱ་བ་སོ་སོ་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཀྱི་ཁྲོད་དུ་བཞག་ནས་ཇུས་འགོད་དང་སྐུལ་འདེད་བྱེད་བཞིན་ཡོད། རྒྱལ་ཁབ་དང་མི་རིགས།    བུ་རབས་ཚ་རྒྱུད་བཅས་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མུ་མཐུད་དུ་སྐྲུན་བཞིན་ཡོད།     གཟུགས་ཡོད་ཚོར་ཡོད་ཕན་ཡོད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས། རིགས་སོ་སོའི་མི་དམངས་ཀྱི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། རིགས་སོ་སོ་སེ་འབྲུ་ལྟར་དམ་པོར་འབྲེལ་བར་སྐུལ་འདེད་གཏོང་བཞིན་ཡོད།     ཁྱད་ལྡན་ཁྱབ་སྟོབས་འདོན་སྤེལ་བྱས་ཏེ་ནུས་ཁུངས་གཙང་མ་སོགས་ཐོན་ལས་ཀྱི“གནས་བཞིའི”བྱ་བ་ཡག་པོར་སྒྲུབ་ནས། མིས་བཟོས་རིག་ནུས་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ལྗང་མདོག་རྩིས་ནུས་སྣེ་ཁྲིད་དུ་བྱེད་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་བཏང་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ལ་དྲིན་ལན་འཇལ་བཞིན་ཡོད།     ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་མཚོ་སྔོན་དང་ཐེན་ཅིན་གཉིས་ཟུང་འབྲེལ་དམ་པོ་བྱས་ཡོད་པས་ཕྱོགས་གཉིས་ཀའི་བར་གྱི་མཛའ་བརྩེ་ནི་ཧ་ཅང་རྩ་ཆེ་བ་ཞིག་རེད། ང་ཚོས་ཧུར་ཐག་དང་རང་འགུལ་ངང་ཞིང་ཆེན་དང་གྲོང་ཁྱེར་གཉིས་ཀྱི་མཉམ་ལས་ཀྱི་ཟབ་ཚད་དང་ཡངས་ཚད་སྔོག་འདོན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ཁྱད་ལྡན་ཐོན་ལས།    སྨན་བཅོས་འཕྲོད་བསྟེན།    སློབ་གསོ་ཚན་རྩལ་སོགས་ཁྱབ་ཁོངས་སུ་དངོས་གཉེར་མཉམ་ལས་ཟབ་མོ་བྱས་ནས། ཞིང་ཆེན་དང་གྲོང་ཁྱེར་གཉིས་ཀྱི་འགྲོ་འོང་བརྗེ་རེས་དང་གཉིས་ཕན་མཉམ་ལས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་རྒྱུ་ཡིན།     མཚོ་སྔོན་གྱིས་སྔར་བཞིན་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣས་མཚོ་སྔོན་དུ་བྱ་བ་སྒྲུབ་པར་ཆ་རྐྱེན་བཟང་པོ་བསྐྲུན་ནས་ཞབས་ཞུའི་འགན་སྲུང་ཡག་པོ་བྱ་རྒྱུ་ཡིན།

མཚོ་སྔོན་དུ་སྡོད་པའི་རིང་ལ། འཐུས་ཚབ་ཚོགས་པས་རྨ་ལྷོ་ཁུལ་གཅན་ཚ་རྫོང་གཅན་ཚ་ཐང་ཡུལ་ཚོའི་གླེ་གཞུག་སྡེ་བ་དང་།  རྨ་ལྷོ་ཁུལ་མི་དམངས་སྨན་ཁང་།    ཐེན་ཅིན་གྱི་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་པུའུ་ཡི“མཚོ་སྔོན་རོགས་སྐྱོར་ཁྱིམ་གཞིས”བཅས་སུ་རྟོག་ཞིབ་བྱས་པ་དང་། ས་གནས་དེ་གའི་སྡེ་མིར་འཚམས་འདྲི་བྱས་པ་མ་ཟད་ཐེན་ཅིན་གྲོང་ཁྱེར་མཚོ་སྔོན་རོགས་སྐྱོར་སྨན་བཅོས་ལས་དོན་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འཐུས་མིར་བལྟ་རུ་སོང་།

ཐེན་ཅིན་གྲོང་ཁྱེར་གྱི་འགོ་ཁྲིད་ལེན་མའོ་ཅུན་དང་།    ཝང་ཞུའུ།    ཝང་ལིས་ཅུན།    ཀྲང་ལིན་བཅས་དང་། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཀྲའོ་ཡུའེ་ཞ་དང་ཝང་ལིན་ཧུའུ།    ཀྲུའུ་ཞང་ཧྥིན།    དབྱང་ཀྲི་ཝུན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས།

ཤ་བོ་རིན་མཚོས་བསྒྱུར།