ཟླ5པའི་ཚེས20ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ནོར་སྲིད་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཧི་ལིས་ཧྥུན་གྱིས་པེ་ཅིང་དུ། སོ་ཏི་ཨ་རབ་ཀྱི་ནོར་སྲིད་བློན་ཆེན་ཅེ་ཏི་ཨན་ལ་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀས་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་དང་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་སོགས་ཀྱི་གྲོས་གཞིའི་ཐད་ནས་ལྟ་ཚུལ་བརྗེ་རེས་ཟབ་མོ་བྱས།
ཧི་ལིས་ཧྥུན་གྱིས་ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། སོ་ཏི་ཨ་རབ་ཀྱིས“2030ལོའི་མདུན་ལྗོངས”ལག་བསྟར་ཤུགས་ཆེན་བྱེད་བཞིན་ཡོད་པས། ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱ་རྒྱུར་དམ་པོར་དམིགས་ནས། འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཕྱོགས་གཉིས་ཀའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཟབ་སྤེལ་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
ཅེ་ཏི་ཨན་གྱིས་སོ་ཏི་ཨ་རབ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་གང་ལེགས་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ཀྱི་སྦས་ཤུགས་རྒྱུན་ཆད་མེད་པར་སྔོག་འདོན་བྱས་ནས། སོ་ཏི་ཨ་རབ་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་མདུན་ནས་མདུན་དུ་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།