ས་དེའི་དུས་ཚོད་ཟླ5པའི་ཚེས20ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་ཡིས་ཨ་སི་ཐ་ནེ་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གྲོས་ཚོགས་སུ་ཞུགས་སྐབས་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལུའོ་ཧྥུའུ་དང་ཐུག་འཕྲད་བྱས།
ཝང་དབྱི་ཡིས་བསྟན་དོན། ཙུང་ཐུང་ཕུའུ་ཅིན་གྱིས་ཙུང་ཐུང་གི་འགན་བཞེས་དུས་ཡུན་གསར་བའི་ནང་ཐོག་དང་པོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་ལེགས་འགྲུབ་བྱུང་ཞིང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་དུས་རིམ་གལ་ཆེན་འདིར་དམིགས་ཏེ། དུས་རབས་གསར་པའི་རྒྱལ་ཁབ་གཉིས་བར་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་མདུན་སྐྱོད་ཀྱི་ཁ་ཕྱོགས་མཉམ་དུ་སྟངས་འཛིན་མཛད་པ་དང་། ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་རིམ་གྲས་མཐོ་བའི་མཉམ་འབྲེལ་གསལ་བསྒྲགས་མཉམ་དུ་སྤེལ་ཞིང་། གནས་བབ་གསར་པའི་འོག་ཀྲུང་གོ་དང་ཨུ་རུ་སིའི་འཐབ་ཇུས་རོགས་ལས་ལ་ཤུགས་སྣོན་བྱེད་པའི་ཐུན་མོང་གི་འབོད་སྒྲ་བཏང་བ་ལས། གོ་ལ་ཧྲིལ་བོའི་འཐབ་ཇུས་བརྟན་བརླིང་སྲུང་སྐྱོང་བྱེད་པར་འབད་བརྩོན་བྱེད་པའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སུའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་གཙོ་གནད་དེར་དམིགས་ནས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གསར་པ་རབ་དང་རིམ་པ་དོན་འཁྱོལ་ཡག་པོ་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སིའི་བར་གྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།
ཝང་དབྱི་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ལོ་འདིའི་ནང་ཕྱོགས་གཉིས་བར་འགྲོ་འོང་བྱེད་པའི་གྲ་སྒྲིག་ཡག་པོ་བྱེད་དགོས་པ་དང་། མུ་མཐུད་དུ་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། མཉམ་ལས་ཀྱི་གཞི་རྩ་སྲ་བརྟན་དུ་གཏོང་བ། ཀྲུང་གོ་དང་ཨུ་རུ་སིའི་ཐུན་མོང་མཐའ་འཁོར་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས། དེ་རིང་ཐའེ་ཝན་ས་ཁུལ་དུ“འགན་བཞེས་མཛད་སྒོ་”ཞེས་པ་སྤེལ་རྒྱུ་ཡིན་ཞིང་། ཐའེ་ཝན་གླིང་ཕྲན་ནང་གི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་ནའང་ཐའེ་ཝན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པའི་ལྕགས་ལྟ་བུའི་དོན་དངོས་དེར་འགྱུར་ལྡོག་གཏོང་མི་ཐུབ་པ་དང་། ཀྲུང་གོ་མཐའ་མར་གཅིག་གྱུར་ཡོང་བ་དང་གཅིག་གྱུར་ཡོང་ངེས་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་བཀག་འགོག་བྱེད་མི་ཐུབ་པ་དེ་སྟོན་དགོས་པ་རེད། ཙུང་ཐུང་ཕུའུ་ཅིན་གྱིས་འགན་བཞེས་རྗེས་ཀྱི་གཏམ་བཤད་ནང་ཐའེ་ཝན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་ཞེས་དམིགས་བསལ་དུ་ནན་བཤད་བྱས་པར། ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་ཆེན་པོ་བྱེད་ཀྱིན་ཡོད། ཨུ་རུ་སི་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་ཕྱོགས་ཀྱི་ཁེ་ཕན་གཙོ་བོ་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པའི་ཡིད་ཆེས་ཡོད་ཟེར།
ཝང་དབྱི་ཡིས་བསྟན་དོན། མིག་སྔའི་གནས་བབ་འོག་ཏུ། མཐུན་སྒྲིལ་དམ་ཟབ་དང་མཉམ་ལས་མཉམ་རྒྱལ་གྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནི་ཁོངས་མིའི་རྒྱལ་ཁབ་སོ་སོའི་ཐུན་མོང་གི་ཁེ་ཕན་དང་མཐུན་ལ། འཛམ་གླིང་སྣེ་མང་ཅན་གྱི་དུས་རབས་ཀྱི་འཕེལ་ཕྱོགས་དང་ཡང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ཏེ། ཁོངས་མིའི་རྒྱལ་ཁབ་གཞན་དག་དང་མཉམ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མདུན་སྐྱོད་ཁ་ཕྱོགས་བརྟན་པོ་བྱེད་པ་དང་། ས་ཁུལ་གྱི་བདེ་འཇགས་དང་། བརྟན་བརླིང་། འཕེལ་རྒྱས་བཅས་ཀྱི་ཁྱོན་ཡོངས་མཉམ་དུ་སྲུང་སྐྱོང་ཡག་པོ་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྔར་ལས་དྲང་བདེན་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
ལཱ་ཧྥུའུ་ལུའོ་ཧྥུའུ་ཡིས་བསྟན་དོན། ཙུང་ཐུང་ཕུའུ་ཅིན་ཡང་བསྐྱར་ཙུང་ཐུང་གི་འགན་བཞེས་རྗེས་མགྱོགས་མྱུར་ངང་ཀྲུང་གོར་འཚམས་འདྲིར་བསྐྱོད་པ་ལས། ཨུ་རུ་སི་དང་ཀྲུང་གོའི་བར་གྱི་འབྲེལ་བའི་དམིགས་བསལ་རང་བཞིན་དང་གལ་ཆེའི་རང་བཞིན་གང་ལེགས་སྒོས་མངོན་ཡོད། ཀྲུང་གོའི་གྲོགས་པོས་ཙུང་ཐུང་ཕུའུ་ཅིན་ཀྲུང་གོར་འཚམས་འདྲིར་ཡོང་བར་བཀོད་སྒྲིག་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ་ཞུ་བ་ཡིན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མཉམ་དུ་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་ཨུ་རུ་སུ་དང་ཀྲུང་གོའི་བར་གྱི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་བཏང་ཞིང་། ང་ཚོར་ལས་འགན་གསར་པ་གསལ་པོ་བཟོས་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རིམ་པ་ཁག་གི་འགྲོ་འོང་རྒྱུན་འཁྱོངས་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་འདོད་ཡོད། ཐའེ་ཝན་གྱི་གནད་དོན་ཐད། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ལངས་ཕྱོགས་འདི་ཧ་ཅང་གསལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་བདེ་འཇགས་སྲུང་སྐྱོང་གི་གྲོས་གཞིར་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གྲོས་གཞི་གལ་ཆེན་འདི་དོན་འཁྱོལ་བྱེད་པའི་བྱེད་ཐབས་དངོས་ལ་གྲོས་བསྡུར་ཧུར་ཐག་བྱེད་འདོད་ཡོད།
ཕྱོགས་གཉིས་ཀྱིས་ད་དུང་ཀྲུང་ཏུང་གི་གནས་བབ་དང་། ཝུའུ་ཁི་ལན་གྱི་ཉམས་ཉེན། ཁྲའོ་ཞན་ཕྱེད་གླིང་སོགས་ཐུན་མོང་དུ་སེམས་ཁུར་བྱེད་པའི་རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་ཐད་ལ་དགོངས་འཆར་བརྗེ་རེས་བྱས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།