ཟླ5ཚེས20ཉིན། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་མགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་བྱས་ཏེ་ཉེན་ཁ་གལ་ཆེན་འགོག་སེལ་བྱེད་པའི་ནུས་པ་ཇེ་མཐོར་གཏོང་བའི་ཆེད་དོན་ཞིབ་འཇུག་བགྲོ་གླེང་འཛིན་གྲྭ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱང་ཧྥ་སིན་འཛིན་གྲྭ་བསྡུ་བའི་མཛད་སྒོར་ཞུགས་ཏེ་ཟུར་ཁྲིད་སྙན་ཞུ་ཕུལ། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལི་ཧུང་ཡཱ་ཡིས་མགོ་འཛིན་བྱས། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཀྲ་ཆིན་ཅུག་ཟུར་ཞུགས་བྱས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཉེན་ཁ་གལ་ཆེན་འགོག་སེལ་བྱེད་པའི་ཁྲོད་ཀྱི་སྣེ་འདོམས་གོ་གནས་དང་མཛུབ་སྟོན་ནུས་པར་སྔར་ལས་ཟབ་པའི་ངོས་འཛིན་བྱེད་པ་དང་། ཁྲིམས་སྐྱོང་ནི་ཉེན་ཁ་གལ་ཆེན་འགོག་སེལ་བྱེད་པའི་གཞི་རྩའི་ཐབས་ལམ་ཡིན་པར་སྔར་ལས་ཟབ་པའི་ངོས་འཛིན་བྱེད་པ། ཏང་གི་སྲིད་སྐྱོང་བདེ་འཇགས་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་ནི་ཉེན་ཁ་གལ་ཆེན་འགོག་སེལ་བྱེད་པའི་ཐོག་མའི་ལས་འགན་ཡིན་པར་སྔར་ལས་ཟབ་པའི་ངོས་འཛིན་བྱས་ཏེ། བྱེད་ཐབས་ཞིབ་ཚགས་དང་འགན་འཁྲི་གསལ་སྟོན་བྱེད་དགོས་ཤིང་། དོན་དག་རེ་རེ་ལག་ཐོག་ཏུ་ཟིན་པའི་འགུལ་སྐྱོད་ལ་བརྟེན་ནས་དོན་དག་རེ་རེར་གདེང་ཚོད་ཡོད་པའི་བྱ་བའི་རྒྱུན་རྣམ་གྲུབ་པར་བྱེད་དགོས།
གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སྲིད་ཁྲིམས་ལས་ཁུངས་ཀྱི་གཙོ་འགན་གཙོ་དོན་དམིགས་སུ་འཛིན་པ་དང་། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་འགོག་རྐྱེན་འདུ་ཤེས་སྲ་བརྟན་དུ་གཏོང་བ། མ་ལག་བཅོས་སྐྱོང་ཤུགས་དྲག་ཏུ་གཏོང་བ་དང་གཞི་རིམ་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཤིང་། མགོ་ཁུངས་འགོག་སྲུང་གཏིང་ཟབ་ཏུ་གཏོང་བ་དང་སྤྱི་ཡོངས་ལ་ཞབས་འདེགས་དང་འགན་སྲུང་བྱེད་པ། དྲང་གཞག་དྲང་བདེན་བརྟན་སྲུང་དང་འབད་བརྩོན་སྙིང་སྟོབས་དར་སྤེལ་གཏོང་བ། རང་འགུལ་སྒོས་ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི་བླང་བྱ་དང་པོ་ལག་བསྟར་བྱེད་མཁན་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བཅས་ལ་གཅིག་འདོམས་བྱེད་པར་སྔར་ལས་ལྷག་པའི་བྱེད་ཕྱོགས་མངོན་པ་དང་སྲིད་ཁྲིམས་ཀྱི་སྟོབས་ཤུགས་འབུལ་དགོས་པའི་བླང་བྱ་བཏོན།
ཐེངས་འདིའི་ཆེན་དོན་ཞིབ་འཇུག་བགྲོ་གླེང་འཛིན་གྲྭས་མགོ་ཁྲིད་གཙོ་བོས་སློབ་ཁྲིད་བྱེད་པ་དང་། ཆེད་དོན་ཟུར་ཁྲིད་བྱེད་པ། གཅིག་སྡུས་ཀྱིས་ཞིབ་འཇུག་བགྲོ་གླེང་བྱེད་པ་སོགས་ཀྱི་བྱེད་ཐབས་བསྡུ་ལེན་བྱས་ཤིང་། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཐད་གཏོགས་སྲིད་ཁྲིམས་ལས་ཁུངས་ཀྱི་མགོ་ཁྲིད་ཚན་ཁག གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་སྲིད་ཁྲིམས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་ལ་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།