ལིས་ཆང་གིས་ས་གནས་ཀྱི་དངུལ་རྩའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།
2024.05.21 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 28

རྒྱལ་ཡོངས་ས་གནས་ཏང་ཨུའི་དངུལ་རྩའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཟླ5བའི་ཚེས21ཉིན་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་དངུལ་རྩའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིས་ཆང་གིས་ཉིན་ཤས་སྔོན་ས་གནས་ཀྱི་དངུལ་རྩའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། 2023ལོ་ནས་བཟུང་རིམ་པ་སོ་སོའི་ཏང་ཨུའི་དངུལ་རྩའི་ཨུ་ཡོན་ལྷན་ཁང་དང་དངུལ་རྩ་གཞུང་སྒྲུབ་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་ནན་ཏན་བྱེད་པ་དང་། དངུལ་རྩའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་དམིགས་འབེན་གཏན་འཁེལ་བྱེད་པ། དངུལ་རྩའི་ཁོངས་གཏོགས་ཀྱི་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱག་པ། དངུལ་རྩའི་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། དངུལ་རྩའི་ཉེན་ཁར་འགོག་སེལ་ཤུགས་ཆེན་བྱེད་པ། དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱག་པ། དངུལ་རྩ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་ལས་དོན་སོ་སོར་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། དངུལ་རྩ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད། ཀྲུང་དབྱང་དངུལ་རྩའི་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ལ་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དངུལ་རྩ་གོང་དུ་སྤེལ་བའི་ལམ་བུའི་ཐོག་བསྐྱོད་དགོས། དངུལ་རྩ་ཡིས་དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་དང་། དངུལ་རྩའི“རྩོམ་ཡིག་ཆེན་པོ་ལྔ”ཡག་པོ་བསྒྲུབས་པ། དངུལ་རྩའི་སྒོ་འབྱེད་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དངུལ་རྩའི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། ས་གནས་ཀྱི་དངུལ་རྩའི་དོ་དམ་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་ལས་འགན་དུས་བཀག་ལྟར་ལེགས་འགྲུབ་བྱེད་པ་དང་། ཀྲུང་དབྱང་དང་ས་གནས་ཀྱི་ལས་ཀའི་མཉམ་ཤུགས་མགྱོགས་མྱུར་ངང་ཆགས་པར་བྱེད་པ། ས་གནས་དངུལ་རྩའི་ལས་ཁུངས་ཀྱི་རྒྱུན་ལྡན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱག་པ། མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་འབྱུང་བའི་མ་མཐའི་མཚམས་ཐིག་དམ་འཛིན་བྱེད་པ། དངུལ་རྩ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་བཏང་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་རོགས་རམ་བྱ་དགོས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དངུལ་རྩའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཧི་ལིས་ཧྥིན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཤ་བོ་གསེར་མཚོས་བསྒྱུར།