ཟླ5པའི་ཚེས21ཉིན། ཅི་ཧྲི་ཧྲན་གྱི་ཚད་རིམ6.2ས་ཡོམ་གྱི་མཚོ་སྔོན་ཡོམ་ཁུལ་གྱི་གནོད་རྗེས་སླར་གསོ་བསྐྱར་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་མཚོ་ཤར་གྲོང་ཁྱེར་མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་བསྡུས། གྲོས་ཚོགས་སྟེང་གནོད་རྗེས་སླར་གསོ་བསྐྱར་འཛུགས་བྱ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་། དམངས་འཚོའི་བཟོ་འགོད་དང་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་ཏུ་བརྩིས་ནས། “ཇུས་གཞི་དང་། མྱུར་ཚད། སྤུས་ཚད། བདེ་འཇགས། མང་ཚོགས་བློ་ཡིད་ཚིམ་ཚད”བཅས་ཕན་ཚུན་གཅིག་གྱུར་གྱི་བླང་བྱ་གཞིར་བཟུང་སྟེ། ཡང་འབད་བསྐྱར་འབད་དང་བྱ་བ་སྣ་ཚོགས་དམ་འཛིན་ཏན་ཏིག་བྱེད་དགོས་པ་ནན་གྱིས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་གནོད་རྗེས་བསྐྱར་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཀང་གིས་གཏམ་བཤད་པ་དང་། ཞིང་ཆེན་གནོད་རྗེས་བསྐྱར་འཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།
གྲོས་ཚོགས་སྟེང་ཡོམ་འགོག་གནོད་སེལ་ནས་སླར་གསོ་བསྐྱར་འཛུགས་ཀྱི་བར་དུ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་མདུན་དུ་གདོང་མཆོང་བྱས་ཏེ། སྔར་ལས་དམ་ཟབ་སྒོས་མི་དམངས་མང་ཚོགས་དང་མཉམ་ལངས་མཉམ་སྒྲུབ་བྱས་ཤིང་། “ལས་བྱེད་པས་ལས་ལ་འབད་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པ”བཅས་ཀྱི་ལག་ལེན་དངོས་ལ་བརྟེན་ནས། བྱ་བ་སྣ་ཚོགས་ལ་སྐུལ་འདེད་བཏང་སྟེ་གྲུབ་འབྲས་བཟང་བོ་བླངས་ཡོད་ཅེས་བསྟན།
གྲོས་ཚོགས་སྟེང་མིག་སྔར་ནི་གནོད་རྗེས་སླར་གསོ་བསྐྱར་འཛུགས་བྱེད་པའི་འགག་རྩའི་དུས་སྐབས་ཡིན་པས། སྙིང་སྟོབས་ཆེར་སྐྱེད་དང་། ངར་ཤུགས་གཅིག་སྒྲིལ། བཟོ་སྐྲུན་གྱི་དུས་སྐབས་ལེགས་པོ་དམ་འཛིན་བཅས་བྱས་ཏེ། བདེ་འཇགས་དང་སྤུས་ཚད་འགན་ལེན་ཏན་ཏིག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གནོད་རྗེས་སླར་གསོ་བསྐྱར་འཛུགས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཁེ་ཕན་གོ་གནས་མཐོ་ཤོས་སུ་བཞག་སྟེ། གནོད་རྗེས་སླར་གསོ་བསྐྱར་འཛུགས་ཀྱི་འཆར་འགོད་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་གོ་རིམ་ལྡན་པའི་སྒོ་ནས་ལས་དོན་ལ་སྐུལ་འདེད་གཏོང་བ། ལས་གཞིའི་འཕེལ་རིམ་ལྟར་དུས་ཐོག་ཏུ་མ་དངུལ་གཏོང་སྤྲོད་བྱེད་པ། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལ་དམ་པོར་དམིགས་ནས་གནོད་རྗེས་སླར་གསོ་བསྐྱར་འཛུགས་ཀྱི་ཕན་འབྲས་ལ་ཞིབ་བཤེར་བཅས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོབ་དམིགས་བསལ་གྱིས་གཙོར་འཛིན་པ་དང་། རྨ་ཆུའི་སྐྱེ་ཁམས་ལ་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱེད་པ། གད་སྙིགས་ཚུར་སྡུད་དང་བཙོག་ཆུའི་སྦུག་དྲ་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། རིགས་སོ་སོའི་མང་ཚོགས་སྡེ་བ་གསར་བར་སྐྱོད་པ་དང་། སྡོད་ཁང་གསར་པར་སྤོར་བ། རྣམ་པ་གསར་པ་མངོན་པ་བཅས་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པའི་རང་སྟོབས་ཀྱི་ནུས་པ་ཇེ་ཆེར་གཏོང་བ། སླར་གསོ་བསྐྱར་འཛུགས་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་སོགས་ཟུང་འབྲེལ་དམ་པོ་བྱས་ཏེ། “ བཟོ་སྐྲུན་ཁྲི་སྟོང”གི་ཉམས་མྱོང་ལ་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པ་དང་། “འཆམ་མཐུན་མཛེས་སྡུག་གི་གྲོང་གསེབ”འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་དང་གཏིང་ཟབ་ཏུ་སྤེལ་ནས། སླར་གསོ་བསྐྱར་འཛུགས་དང་མ་འོངས་པའི་འཕེལ་རྒྱས་གཉིས་ཕན་ཚུན་མཉམ་འདྲེས་དང་ཕན་ཚུན་སྐུལ་འདེད་བྱེད་པ་མངོན་འགྱུར་བྱེད་དགོས་ཞེས་བསྟན།
གྲོས་ཚོགས་སྟེང་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ནས་འཕེལ་རིམ་དམ་འཛིན་བྱེད་པ་དང་། འགག་རྩའི་ལས་རིམ་ལ་དམ་པོར་དམིགས་ནས་སྤུས་ཚད་དམ་འཛིན་བྱེད་པ། འགན་འཁྲིའི་སྦྲེལ་ཐག་ཇེ་དམ་དུ་བཏང་ནས་བདེ་འཇགས་དམ་འཛིན་བྱེད་པ། སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་དཔོན་ཉམས་རིང་ལུགས་དང་ཕྱི་ཚུལ་རིང་ལུགས་མཐའ་གཅིག་ཏུ་བཅོས་སྒྲིག་བྱེད་པ། པང་ལེབ་ཁང་བ་སོགས་རྒུད་སྐྱོབ་དངོས་རྫས་ཚུར་བསྡུ་དང་དོ་དམ་ཡག་པོ་བྱེད་པ། སླར་གསོ་བསྐྱར་འཛུགས་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་བ། ལས་གཞིའི་དཔྱད་ཡིག་འཚོལ་བསྡུ་དང་ཡིག་ཚགས་སུ་ཉར་བར་མཐོང་ཆེན་བཅས་བྱེད་དགོས། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས་བདེ་འཇགས་ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་དང་ཐག་གཅོད་བྱེད་པ་དང་། ཆུ་ལོག་སྔོན་འགོག་གི་བྱ་བར་བཀོད་སྒྲིག་བྱེད་ཤུགས་ཇེ་ཆེར་བཏང་སྟེ། བདེ་འཇགས་དོན་རྐྱེན་དང་ཞོར་ཐོན་གནོད་འཚེ་སྔོན་འགོག་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན།
གྲོས་ཚོགས་སྟེང་། མེན་ཧི་རྫོང་གི་གནོད་རྗེས་སླར་གསོ་བསྐྱར་འཛུགས་ཀྱི་བརྙན་ཐུང་ལ་བལྟས་པ་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིན། མཚོ་ཤར་གྲོང་ཁྱེར། མེན་ཧི་རྫོང་། ཞུན་ཧྭ་རྫོང་། དཔའ་ལུང་རྫོང་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད།
གྲོས་ཚོགས་མ་འཚོགས་གོང་། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་ཅི་ཧྲི་འགག་ཆུ་གློག་ས་ཚིགས་དང་། མེན་ཧི་རྫོང་གི་ས་ཡོམ་གནོད་གཡོལ་གནས་སྤོ་བདེ་འགོད་ལས་གཞི། ཀྲུང་ཁྲོན་ཡུལ་ཚོ་མེ་ཨར་སྡེ་བའི་ཁྱིམ་ཚང་བཅས་སུ་བསྐྱོད་ནས། ཆུ་བེད་སྒྲིག་བཀོད་བདེ་འཇགས་ངང་འཁོར་སྐྱོད་དང་། ཆུ་ལོག་སྔོན་འགོག་གྲ་སྒྲིག གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་ལས་གཞིའི་འཛུགས་སྐྲུན། སྡོད་ཁང་ཞིག་གསོ་གསར་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས།
ཞིང་ཆེན་གྱི་མགོ་ཁྲིད་པ་ཝང་ལིན་ཧུའུ་དང་ཝུའུ་ལཱ་ཙི་པེ་ཁེ·རི་སུའུ་ལིས་ཧན། ཧི་ལུའུ་ཁྲུན་བཅས་གྲོས་ཚོགས་སུ་ཞུགས་པར་མ་ཟད་འབྲེལ་ཡོད་རྟོག་ཞིབ་ལ་ཞུགས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།