ནོར་ཝེའི་དབུ་བཞུགས་བློན་ཆེན་སི་ཐི་ལི་ཡིས་ཧྲི་ཐའེ་ཧྥིན་དང་ཐུག་འཕྲད་བྱས།
2024.05.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ5པའི་ཚེས21ཉིན། ནོར་ཝེའི་བཟོ་པའི་ཏང་གི་ཀྲུའུ་ཞི། སྲིད་གཞུང་གི་དབུ་བཞུགས་བློན་ཆེན་སི་ཐི་ལི་ཡིས་ཨའོ་སི་ལུའུ་རུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥིན་དང་ཐུག་འཕྲད་བྱས།

ཧྲི་ཐའེ་ཧྥིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཆང་གིས་སྙིང་ཉེ་བའི་འཚམས་འདྲི་གནང་བཞིན་པ་བརྒྱུད་སྒྲོག་བྱས། ཁོས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་གོ་དང་ནོར་ཝེའི་འབྲེལ་བ་རྒྱུན་མཐུད་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད།     ནོར་ཝེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་དང་དངོས་གཉེར་གྲོགས་པོའི་ཀྲུང་གོར་འཛིན་པའི་སྲིད་ཇུས་ལག་བསྟར་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་བཞིན་ཡོད། ད་ལོ་ནི་ཀྲུང་གོ་དང་ནོར་ཝེ་བར་ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ70འཁོར་བའི་ལོ་ཡིན་པས།    ཀྲུང་གོ་ཕྱོགས་ཀྱིས་ནོར་ཝེ་ཕྱོགས་དང་མཉམ་དུ་གོ་སྐབས་བེད་སྤྱད་དེ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་རོབ་ཏུ་འཚམས་འདྲི་གནང་པའི་གྲུབ་འབྲས་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། མཐོ་རིམ་དང་རིམ་པ་སོ་སོའི་འགྲོ་འོང་ལ་ཤུགས་སྣོན་པ་དང་།    ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ།    ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་གོ་དང་ནོར་ཝེ་བར་གྱི་འབྲེལ་བའི་མ་འོངས་པ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་བསྐྲུན་འདོད་ཡོད།     ཀྲུང་གོ་གུང་ཁྲན་ཏང་གིས་བཟོ་པའི་ཏང་ཚུད་པའི་ནོར་ཝེའི་སྲིད་ཏང་གཙོ་བོ་དང་ཏང་ཁག་བར་བརྗེ་རེས་བྱེད་ཤུགས་ཆེ་རུ་བཏང་ནས། ཕན་ཚུན་ཤེས་རྟོགས་དང་ཡིད་ཆེས་ཇེ་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་རྨང་གཞི་ཇེ་བརྟན་དུ་གཏོང་འདོད་ཡོད།

སི་ཐི་ལི་ཡིས་ཧྲི་ཐའེ་ཧྥིན་ལ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཆང་ལ་སྙིང་ཉེ་བའི་འཚམས་འདྲི་གནང་བའི་མངག་བཅོལ་བྱས། ཁོས་བཤད་རྒྱུར། ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ70འཁོར་བའི་རིང་ལ། ནོར་ཝེ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱས་ནས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།     ནོར་ཝེ་ཕྱོགས་ཀྱིས་ཀྲུང་གོའི་ཕུལ་བྱུང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱེད་པ་དང་།    ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་པ།    སྲིད་གཞུང་དང་སྲིད་ཏང་།    དམངས་ཁྲོད་བཅས་ཀྱི་བརྗེ་རེས་འགྲོ་འོང་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་།    ལྗང་མདོག་ཚུལ་སྒྱུར་དང་གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ།    རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་ཐད་ཀྱི་འབྲེལ་འདྲིས་ལ་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ནོར་ཝེ་སྲིད་གཞུང་གི་གདན་ཞུ་ལྟར། ཧྲི་ཐའེ་ཧྥིན་གྱིས་ཟླ5པའི་ཚེས18ནས་ཚེས21ཉིན་བར་ཀྲུང་གུང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ནོར་ཝེ་ལ་འཚམས་འདྲི་བྱས།     འཚམས་འདྲི་བྱེད་སྐབས་ཧྲི་ཐའེ་ཧྥིན་གྱིས་ད་དུང་ནོར་ཝེའི་གྲོས་ཁང་གི་གྲོས་དཔོན་གཞོན་པ་ཝོར་ཏི་དང་། བག་འཁུམ་ཏང་གི་ཀྲུའུ་ཞི། དབུ་བཞུགས་བློན་ཆེན་ཟུར་པ་སོ་ཨར་པེ་ཀི་དང་ཐུག་འཕྲད་བྱས།

ཤ་བོ་རིན་མཚོས་བསྒྱུར།