ས་དེའི་དུས་ཚོད་ཟླ5པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཧ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐ་ནཱ་རུ། དབྱི་ལིང་གི་ཚབ་བྱས་ཏེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཚོགས་འདུར་ཞུགས་མཁན་དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་སཱ་ཧྥ་ལིས་ལ་ཐུག་འཕྲད་བྱས།
ཝང་དབྱི་ཡིས་དབྱི་ལིང་གི་ཙུང་ཐུང་ལའེ་ཞི་དང་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལཱ་ཞི་དབྱང་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བར་སླར་ཡང་མྱ་ངན་དང་འཚམས་འདྲི་ཞུས། ཝང་དབྱི་ཡིས་སྟབས་མ་ལེགས་པར་བྱུང་བའི་དོན་རྐྱེན་དེས་འཛམ་གླིང་ཡོངས་ཧང་སངས་པར་བྱས། དབྱི་ལིང་གི་ཕུལ་དུ་བྱུང་བའི་འགོ་ཁྲིད་པ་གཤེགས་པ་ནི་དོན་གྱིས་ཀྲུང་གོ་ཕྱོགས་ལ་མཚོན་ནས་བཤད་ན། རང་ཉིད་ཀྱི་གྲོགས་པོ་བཟང་པོ་དང་ཟླ་གྲོགས་བཟང་པོ་ཞིག་ཇེ་ཉུང་དུ་སོང་བ་ཡིན་པས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་ལིང་གི་འགོ་ཁྲིད་པར་གློག་འཕྲིན་བཏང་ནས་མྱ་ངན་ཞུས་ཡོད། དཀའ་ཚེགས་ཆེ་བའི་དུས་སྐབས་འདི་འདྲར། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རང་གི་གྲོགས་པོ་དབྱི་ལིང་ཕྱོགས་དང་མཉམ་དུ་ལངས་རྒྱུ་ཡིན། ཆེས་མཐོའི་གཙོ་འཛིན་ཧཱ་མའེ་ནེ་དབྱི་ཡི་འགོ་ཁྲིད་འོག་ཏུ། དབྱི་ལིང་སྲིད་གཞུང་དང་མི་དམངས་ཀྱིས་སྡུག་བསྔལ་ཅི་ཡོད་སྟོབས་ཤུགས་སུ་བསྒྱུར་ནས། བློ་བརྟན་འགྱུར་མེད་ངང་གཏན་འཁེལ་བྱས་ཟིན་པའི་འཐབ་ཇུས་ལ་སྐུལ་འདེད་ནུས་ལྡན་བཏང་ནས། རྒྱལ་ཁབ་བརྟན་བརླིང་དང་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་ངེས་པར་ང་ལ་ཡིད་ཆེས་ཡོད། གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་ཕྱོགས་ཀྱིས་སྔར་བཞིན་རྒྱལ་ཁབ་གཉིས་ཀའི་འཐབ་ཇུས་མཉམ་ལས་ལ་ཤུགས་བསྣན་ཏེ། ཕྱོགས་གཉིས་ཀའི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་ཡག་པོ་བྱས་ནས། ས་ཁུལ་དང་འཛམ་གླིང་གི་ཞི་བདེའི་ཆེད་དུ་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བསྟན།
སཱ་ཧྥ་ལིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཙུང་ཐུང་ལའེ་ཞི་དང་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལཱ་ཞི་དབྱང་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བར་མྱུར་མོར་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དབྱི་ལིང་ལ་རྒྱབ་སྐྱོར་བརྟན་པོ་གནང་བར་ཐུགས་རྗེ་ཆེ་ཞུས། དབྱི་ལིང་གིས་ཕྱི་ནང་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་ལྡོག་ཡོང་མི་སྲིད་པ་དང་ཆེས་མཐོའི་གཙོ་འཛིན་གྱི་འགོ་ཁྲིད་འོག་ཏུ། རྒྱལ་ཁབ་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་མུ་མཐུད་བརྟན་བརླིང་ངང་སྐུལ་འདེད་གཏོང་རྒྱུ་ཡིན། དབྱི་ལིང་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་གང་ལེགས་བྱས་ནས། རྒྱལ་ཁབ་གཉིས་ཀའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་རྩེ་གཅིག་ཏུ་འབད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་དང་དབྱི་ལིང་བར་གྱི་འདུམ་འགྲིག་ལ་སྐུལ་འདེད་བཏང་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། དབྱི་ལིང་ཕྱོགས་ཀྱིས་འབྲེལ་ཡོད་འཕེལ་རིམ་རྒྱུན་མཐུད་ཡོང་བར་འབད་དེ། ས་ཁུལ་དང་རྒྱལ་ཁབ་ཀྱི་འབྲེལ་བ་མུ་མཐུད་ཇེ་ལེགས་སུ་གཏོང་འདོད་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།