ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་སྔ་གཞུག་ཏུ་བསྡུས།
2024.05.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ5པའི་ཚེས22ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་གཞུག་ཏུ་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན། ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལག་བསྟར་བྱས་ལ། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་ན། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་དམ་འཛིན་བྱེད་པར་ཤུགས་འདོན་དགོས། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་མིག་སྔའི་དཔལ་འབྱོར་གནས་བབ་ཐད་ཀྱི་དབྱེ་ཞིབ་དང་བརྡར་གཅོད་གལ་ཆེན་དང་ཇུས་ཆོད་བཀོད་སྒྲིག་གལ་ཆེན་སྟེང་གཅིག་གྱུར་བྱེད་པ་དང་། དུས་ཚིགས་གཉིས་པར་ཧུར་བརྩོན་བྱེད་པ་དང་ཕྱེད་བརྒལ་གཉིས་བརྩོན་ལེན་བྱེད་པ། ལོ་ཧྲིལ་བོར་བརྟན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས། རང་འགུལ་གྱིས་ཁུལ་ཁོངས་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བ་དང་སྦྲེལ་མཐུད་བྱེད་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་མཉམ་ལས་བྱ་བ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ནས། འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཇེ་དྲག་ཏུ་གཏོང་དགོས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀོང་ཏུང་མེ་ཀྲོའུ་གྲོང་ཁྱེར་གྱི་མེ་ཀྲོའུ་ནས་ཏཱ་པུའུ་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཁྲ་ཡང་ལམ་མཚམས་བརྡིབས་པའི་གནོད་འཚེའི་ཐད་བཀོད་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བདེ་འཇགས་འགན་འཁྲི་ལག་བསྟར་བྱེད་པར་ཤུགས་སྣོན་པ་དང་། རིགས་མི་འདྲ་བའི་ཉེན་ཁ་སྣ་ཚོགས་ཕྱོགས་ཡོངས་ནས་གྲལ་བཤེར་དང་ཐག་གཅོད་བྱེད་པ། གནམ་གཤིས་སྔོན་བརྡར་ཤུགས་སྣོན་པ། གནོད་འཚེ་འབྱུང་སླ་བའི་ས་ཁུལ་གྱི་ལྟ་ཞིབ་སྔོན་བརྡར་ཤུགས་སྣོན་པ། འཕྲལ་བསྟུན་ཇུས་གཞི་འཐུས་ཚང་དུ་གཏོང་བ། འཕྲལ་བསྟུན་བྱེད་ཐབས་གཉིས་ཀྱི་རྐྱེན་སྲོལ་ལག་བསྟར་བྱེད་པ། ཞོད་འགོག་གྲ་སྒྲིག་བྱ་བ་བཟང་བོར་སྒྲུབ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཡོངས་ཀྱི་བརྟན་འཇགས་ལ་ཁག་ཐེག་བྱེད་དགོས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཁྲིད་འཛུགས་སྐྱོང་དང་ཡུལ་སྐོར་བྱ་བའི་ཐད་བཀོད་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་འགོ་ཁྲིད་སློབ་གྲྭའི་སློབ་སྒྲུབ་སློབ་བཅོས་དང་མི་སྐྱོང་གི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ་དང་། ཀུན་སྤྱོད་འཛུགས་པ་དང་མི་སྐྱོང་བའི་བཟོ་སྐྲུན་ལག་བསྟར་བྱེད་པ། སློབ་གྲྭ་ཆེན་མོ་དང་སློབ་གྲྭ་ཆུང་འབྲིང་གི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་དུ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། དྲང་སྲུང་གསར་གཏོད་དང་སྤུས་འདེགས་ནུས་སྤེལ། མཉམ་བསྲེས་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། ལྟེ་གནས་གཅིག་དང་སྐོར་བ་གཅིག ས་ཁུལ་མང་པོའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་བཙུགས་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་གསར་སྐྲུན་བྱེད་དགོས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དམིགས་འབེན་རེ་བར་དམ་དུ་དམིགས་པ་དང་། སྲོལ་ཡིག་སློབ་སྦྱོང་བྱེད་རྒྱུ་དེ་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་འདྲེས་པར་བྱེད་པ་དང་ཉིན་རྒྱུན་དུ་དམ་འཛིན་བྱེད་པ། སྲིད་གཞུང་གི་བྱ་བར་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་ལེགས་སྒྱུར་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་གྲུབ་འབྲས་སྟེང་མངོན་པར་བྱེད་དགོས།

ཚོགས་ཐོག་ནས་ཟླ5པའི་ཚེས11ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཚོང་ཟོག་སྐྱེལ་འདྲེན་གྱི་གྲུབ་ཚུལ་སྔར་ལས་ལེགས་སྒྱུར་བྱེད་པ་དང་། མཐོ་སྒང་ལ་རྐང་འཛུགས་པ་དང་ནུབ་རྒྱུད་ལ་སྣེ་ཁྲིད་བྱེད་པ། རྒྱལ་ཡོངས་ལ་འབྲེལ་འདྲིས་དང་རྒྱལ་སྤྱི་ལ་སྦྲེལ་མཐུད་བྱེད་པའི་མདོ་དབུས་མཐོ་སྒང་གི་དེང་རབས་དངོས་སྐྱེལ་མ་ལག་གསར་སྐྲུན་བྱེད་དགོས། བཟོ་སྐྲུན་ལས་རིགས་གྲངས་ཀ་ཅན་དུ་ཚུལ་སྒྱུར་བྱེད་པ་དང་། སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ་དང་དགེ་མཚན་གསར་པ་གྲུབ་པར་བྱེད་དགོས། ཉེན་སྲུང་སྲིད་ཇུས་ལག་བསྟར་ནན་མོ་བྱས་ཏེ། ཞིང་ལས་ཀྱི་གནོད་འགོག་གནོད་སྐྱོབ་ནུས་པ་མཐོར་འདེགས་སུ་གཏོང་དགོས།

ཚོགས་ཐོག་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཉེན་བརྡའི་གློག་བརྙན་ལ་བལྟས་ཤིང་། རང་ཞིང་གི་དག་ཐེར་ཇུས་གཞིར་གྲོས་ཞིབ་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་དམ་འཛིན་བྱེད་པ་དང་། གནད་དོན་ཞིབ་བཤེར་བྱེད་པར་ཤུགས་སྣོན་པ། ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། དཔེ་སྟོན་གྱི་སྣེ་ཁྲིད་ལ་ཤུགས་བསྣན་ནས། སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་བརྟན་པོ་འཛུགས་དགོས།

ཚོགས་ཐོག་ནས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་པའི་འཆར་འགོད་དང་མཚོ་སྔོན་ཞིང་ཆེན་གྱི་ས་ཡོམ་འཕྲལ་བསྟུན་ཇུས་གཞི། མཚོ་སྔོན་ཞིང་ཆེན་གྱི་རྒན་གསོ་ཞབས་ཞུ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི2024ལོ་ནས2026ལོའི་ལོ་གསུམ་གྱི་འགུལ་སྐྱོད་ཇུས་གཞི། ཡོང་སྒོ་དམའ་བའི་མི་གྲངས་ཀྱི་འགུལ་རྣམ་ལྟ་ཞིབ་ལ་ཤུགས་སྣོན་པ་དང་རིམ་པ་དང་རིགས་བགར་ནས་སྤྱི་ཚོགས་རོགས་སྐྱོར་བྱ་བ་བཟང་བོར་སྒྲུབ་པ་དང་སྣ་མང་སྒོས་རོགས་སྐྱོར་ཆེན་པོའི་ཁྲོད་ཞུགས་པའི་རྣམ་པ་འཛུགས་པའི་སྐོར་གྱི་ལག་བསྟར་གྲོས་གཞི་བཅས་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།