ཟླ5པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས14པའི་ཀྲུང་གོ་དང་ཨ་རིའི་ཡུལ་སྐོར་མཐོ་རིམ་གྲོས་མོལ་མགོ་བརྩམས་པར་འཕྲིན་ཡིག་བསྐུར།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨ་རིའི་བར་འབྲེལ་བ་བཙུགས་ནས་ལོ45འཁོར་བའི་ལོ་རེད། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་རྨང་གཞི་མི་དམངས་ཀྱིས་བཏིངས་པ་དང་། ཀྲུང་ཨའི་འབྲེལ་བའི་སྒོ་མོ་མི་དམངས་ཀྱིས་ཕྱེས་ལ། ཀྲུང་ཨའི་འབྲེལ་བའི་གཏམ་རྒྱུད་མི་དམངས་ཀྱིས་བྲིས་པ་ཡིན་ཞིང་། ཀྲུང་ཨའི་འབྲེལ་བའི་འབྱུང་འགྱུར་ཡང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཐུན་མོང་གིས་གསར་སྐྲུན་བྱེད་ངེས་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཡུལ་སྐོར་ནི་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་འགྲོ་འོང་བརྗེ་རེས་དང་ཕན་ཚུན་རྒྱུས་ལོན་བྱེད་པའི་འབྲེལ་ཐག་གལ་ཆེན་ཞིག་རེད། ང་ཚོས་ཨ་རིའི་ཡུལ་སྐོར་པ་ཀྲུང་གོར་ཡུལ་སྐོར་དུ་ཡོང་ནས་ཀྲུང་གོའི་གྲོགས་པོ་ངོ་ཤེས་པ་དང་། ཀྲུང་ཧྭའི་རིག་གནས་ཉམས་སུ་ལེན་པ། མཛེས་སྡུག་ལྡན་པའི་རི་ཆུ་ལ་ལྟ་སྐོར་བྱེད་པ། ཀྲུང་གོའི་རིག་གནས་དངོས་གནས་ཉམས་སུ་མྱོང་བ་བཅས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོས་ཐེངས་འདིའི་མཐོ་རིམ་གྲོས་མོལ་གོ་སྐབས་སུ་བྱས་ནས། བརྗེ་རེས་གཏིང་ཟབ་བྱེད་པ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་བ། འགུལ་སྐྱོད་ལེགས་པོ་སྤེལ་ཏེ་ཡུལ་སྐོར་མཉམ་ལས་ལ་བརྟེན་ནས་མི་སྣ་འགྲོ་འོང་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིག་གནས་བརྗེ་རེས་བྱས་པར་བརྟེན་ནས་ཀྲུང་གོ་དང་ཨ་རིའི་གྲོགས་པོའི་འབྲེལ་བ་རྒྱུན་མཐུད་བྱེད་པ་དང་། “ཅིའུ་ཅིན་ཧྲན་གྱི་ཕུགས་འདུན”དེ་དངོས་ཡོད་ཀྱི་གནས་ཚུལ་དངོས་སུ་བསྒྱུར་བར་རོགས་རམ་བྱ་རྒྱུ་ཡིན།
སྐབས14པའི་ཀྲུང་ཨའི་ཡུལ་སྐོར་མཐོ་རིམ་གྲོས་མོལ་ཉིན་དེར་ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་དུ་མགོ་བརྩམས་པ་དང་། བརྗོད་བྱ་ནི“ཡུལ་སྐོར་གྱིས་ཀྲུང་གོ་དང་ཨ་རིའི་སྤྱི་ཚོགས་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་བ”ཞེས་པ་དེ་ཡིན་ལ། ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའུ་དང་། ཧྲའན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་། ཨ་རིའི་ཚོང་དོན་པུའུ། ཨ་རིའི་ཡུལ་སྐོར་ཁྱབ་གདལ་ཅུའུ་བཅས་ཀྱིས་གཙོ་སྒྲུབ་བྱས།
ཤ་བོ་རིན་མཚོས་བསྒྱུར།