ཟླ5པའི་ཚེས22ཉིན། ཧྥིན་ལན་གྱི་ཙུང་ཐུང་སི་ཐུའུ་པུའུ་ཡིས་ཧི་ཨར་ཞིན་ཅི་རུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥིན་ལ་ཐུག་འཕྲད་བྱས།
ཧྲི་ཐའེ་ཧྥིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་བརྒྱུད་བསྒྲགས་བྱས། ཁོས་བཤད་རྒྱུར། ཀྲུང་གོ་དང་ཧྥིན་ལན་གྱི་བར་ཐག་རིང་མོད། འོན་ཀྱང་སྲོལ་རྒྱུན་གྱི་གྲོགས་པོའི་འབྲེལ་བ་ཟབ་མོ་ཡོད་པ་དང་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། མིག་སྔར། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ང་ཚོས་ཧྥིན་ལན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་བར་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་རོབ་ཏུ་འཚམས་འདྲི་གནང་པའི་གྲུབ་འབྲས་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ཀྲུང་གོ་དང་ཧྥིན་ལན་བར་གྱི་གྲོགས་པོའི་འབྲེལ་བ་རྒྱུན་མཐུད་དང་རིམ་པ་སོ་སོའི་འགྲོ་འོང་རྒྱ་ཆེར་གཏོང་བ། ཚན་རྩལ་གསར་སྐྲུན་དང་ཆ་འཕྲིན་འཕྲིན་གཏོང་། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ། དགུན་ཁའི་ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཤུགས་བསྣན་ནས། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ་ཀྲུང་གོ་དང་ཧྥིན་ལན། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་བརྟན་པོ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་འཛམ་གླིང་ཞི་བདེ་བརྟན་བརླིང་ལ་མཉམ་དུ་སྲུང་སྐྱོང་བྱ་རྒྱུ་ཡིན།
སི་ཐུའུ་པུའུ་ཡིས་ཧྲི་ཐའེ་ཧྥིན་ལ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྙིང་ཉེ་བའི་འཚམས་འདྲི་གནང་བའི་མངག་བཅོལ་བྱས། ཁོས་བཤད་རྒྱུར། ཧྥིན་ལན་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས། ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་བླངས་པར་རྟེན་འབྲེལ་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་འཛམ་གླིང་གི་གྲོས་འགོ་ཆེན་པོ་གསུམ་ལ་ཚད་མཐོའི་བསྔགས་བརྗོད་བྱས་ནས། ཀྲུང་གོས་འཛམ་གླིང་ཞི་བདེ་བརྟན་བརླིང་དར་སྤེལ་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པར་གདེང་འཇོག་ཧུར་ཐག་བྱས་ཡོད། ཧྥིན་ལན་གྱིས་ཀྲུང་གོ་འཕེལ་རྒྱས་ཀྱི་གོ་སྐབས་སུ་བརྩིས་ནས“འབྲེལ་ཐག་བཅད་པའི”ཐད་ངོ་རྒོལ་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་དང་རིམ་པ་སོ་སོའི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་ས་ཁུལ་གྱི་ལས་དོན་འབྲེལ་གཏུག་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཧྥིན་ལན་དང་ཀྲུང་གོ། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཧྥིན་ལན་གྲོས་ཁང་གི་གདན་ཞུས་ལྟར། ཧྲི་ཐའེ་ཧྥིན་གྱིས་ཟླ5པའི་ཚེས21ནས་ཚེས23ཉིན་བར་ཀྲུང་གུང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཧྥིན་ལན་དུ་འཚམས་འདྲི་བྱས། འཚམས་འདྲི་བྱེད་སྐབས། ཧྲི་ཐའེ་ཧྥིན་གྱིས་ད་དུང་ཧྥིན་ལན་གྲོས་ཁང་གི་གྲོས་དཔོན་གཞོན་པ་ཧྥེ་ལ་ཐོ་ཧྥུའུ་ལ་ཐུག་འཕྲད་བྱས་པ་དང་། ཧྥིན་ལན་གྱི་ཙུང་ལི་ཟུར་པ་ཧྥིན་ལན་ཁེ་ལས་ཀྲུང་གོ་གཞུང་སྒྲུབ་ཁང་གི་སྤྱིའི་འགན་འཛིན་པ་ཨ་ཧོ་སོགས་དང་བཞུགས་མོལ་བརྗེ་རེས་བྱས་པ་མ་ཟད་ཧྥིན་ལན་གྱི་གསར་གཏོད་ཐོན་ལས་ལ་བརྟག་ཞིབ་བྱས།
ཤ་བོ་རིན་མཚོས་བསྒྱུར།