ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་ཁེ་ལས་དང་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་བསྡུས།
2024.05.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ5པའི་ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཅི་ནན་གྲོང་ཁྱེར་དུ་མགོ་འཛིན་མཛད་དེ་ཁེ་ལས་དང་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ5པའི་ཚེས23ཉིན་གྱི་ཕྱི་དྲོར་ཧྲན་ཏུང་ཅི་ནན་གྲོང་ཁྱེར་དུ་མགོ་འཛིན་མཛད་དེ་ཁེ་ལས་དང་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་འཆར་གཞི་བཀོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་དཀྱིལ་སྙིང་གི་ལས་འགན་གཏན་ཁེལ་བྱས། བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗོད་དོན་ལ་དམ་དུ་དམིགས་པ་དང་། བཅོས་སྒྱུར་གྱི་གཙོ་གནད་འབུར་དུ་ཐོན་པར་བྱེད་པ། རིན་ཐང་གི་ཁ་ཕྱོགས་གཏན་ཁེལ་གསལ་བོ་བྱེད་པ། བྱེད་ཐབས་འཚོལ་ཞིབ་བྱས་ནས། དཀྱིལ་སྙིང་ལས་འགན་ཡོངས་འགྲུབ་བྱེད་པ་དང་འཐབ་ཇུས་དམིགས་འབེན་མངོན་འགྱུར་བྱེད་ཆེད་སྒུལ་ཤུགས་སྣོན་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ། ཏང་ཙུའུ་ཧྲུའུ་ཅི་ལིའུ་མེན་ཧྲིན་དང་། ཧྲིན་ཀྲིན་གྲོང་ཁྱེར་གསར་གཏོད་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ། ཏང་ཨུའི་ཧྲུའུ་ཅི་ཙའོ་ཏེན། ཨན་ཐཱ་ལུས་རྩལ་སྤྱོད་ཆས་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་ཅུའུ་ཡི་ཀྲུའུ་ཞི་ཏེན་ཧྲི་ཀྲུང་། ཀྲེ་ཅང་ཁྲོན་ཧྭ་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་ཞུས་ཀོན་ཅུའུ། འཇར་མན་པོ་ཧྲི་ཀྲུང་གོ་དངུལ་གཏོང་ཚད་ཡོད་ཀུང་ཟིའི་སྤྱི་འདོམས་པ་ཞུས་ཏཱ་ཆོན། ཞང་ཀང་ཧྥིན་ཧྲི་སྡེ་ཚོགས་ཀྱི་ཀྲུའུ་ཞི་ཧྥིན་ཀའོ་ཅིན། པེ་ཅིང་སློབ་ཆེན་རྒྱལ་ཁབ་འཕེལ་རྒྱས་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་བ་ཀྲིའུ་ཆི་རིན། ཀྲུང་གོ་ཆེ་ཕྱོགས་དཔལ་འབྱོར་ཞིབ་འཇུག་གླིང་གི་གླིང་གཙོ་ཧོང་ཧན་ཆོན། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་འཛམ་གླིང་དཔལ་འབྱོར་དང་ཆབ་སྲིད་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པ་ཀྲང་པེན་བཅས་ཁེ་ལས་པ་དང་ཆེད་མཁས་པའི་འཐུས་ཚབ་དགུ་ཡིས་སྔ་གཞུག་ཏུ་གཏམ་བཤད་དེ། གློག་ཤུགས་སྒྲིག་གཞི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་ཉེན་ཁའི་དངུལ་གཏོང་འཕེལ་རྒྱས་སུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་དང་མཐོར་འདེགས་གཏོང་བ། དམངས་གཉེར་ཁེ་ལས་ཀྱི་བཅོས་སྐྱོང་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཕྱི་དངུལ་ཁེ་ལས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ། ཞང་ཀང་སྔར་ལས་བཟང་བའི་སྒོ་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་འདྲེས་པར་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་བཅོས་སྒྱུར་ཐད་ཀྱི་ཐོབ་ཚོར་ཇེ་མཐོར་གཏོང་བ། མཁར་གྲོང་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཆེ་ཕྱོགས་དཔལ་འབྱོར་གྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཐད་ནས་བསམ་འཆར་དང་གྲོས་གཞི་བཏོན། གཏམ་བཤད་ཀྱི་གོ་རིམ་ཁྲོད། ཞི་ཅིན་ཕིང་གིས་ཚང་མ་དང་དགོངས་ཚུལ་བརྗེ་རེས་ཟབ་མོ་མཛད།

ཚང་མས་གཏམ་བཤད་པར་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང། ཁོང་གིས་ཏང་ཀྲུང་དབྱང་གིས་ཇུས་ཆོད་གལ་ཆེན་འགོད་པ་དང་ཡིག་ཆ་གལ་ཆེན་བཟོ་སྐབས། སྔོན་དུ་རྟོག་ཞིབ་ཟབ་མོ་བྱེད་བཞིན་པ་དང་ཕྱོགས་སོ་སོའི་བསམ་ཚུལ་ལ་རྒྱ་ཆེར་ཉན་བཞིན་ཡོད། འདི་ནི་ང་ཚོའི་ཏང་གི་ཡུན་རིང་བོའི་བྱེད་ཐབས་དང་ཕུལ་བྱུང་གི་སྲོལ་རྒྱུན་ཡིན། ཚང་མས་བཏོན་པའི་བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པའི་བསམ་ཚུལ་དང་གྲོས་གཞིའི་ཐད་ནས། འབྲེལ་ཡོད་ཕྱོགས་ཀྱིས་ཞིབ་འཇུག་དང་བསྡུ་ལེན་ནན་མོ་བྱེད་དགོས་ཞེས་བསྟན།

ཞི་ཅིན་ཕིང་གིས་བསྟན་དོན། བཅོས་སྒྱུར་ནི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཡིན། བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་ན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་སྤྱིའི་དམིགས་འབེན་འདིར་དམ་དུ་དམིགས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གཙིགས་སུ་འཛིན་པ། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། གནད་དོན་ལ་དམིགས་ནས་འགྲོ་བ་དང་གནད་དོན་ལ་དམིགས་ནས་བཅོས་སྒྱུར་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བཀག་གནོད་བཟོ་བའི་བསམ་བློའི་འདུ་ཤེས་དང་རྐྱེན་སྲོལ་སྒྲིག་གཞིའི་ཐད་ཀྱི་སྐྱོན་ཆ་མཐའ་གཅིག་ཏུ་སེལ་བ་དང་། རིམ་པ་ཟབ་པའི་སྒྲིག་གཞི་རྐྱེན་སྲོལ་ཐད་ཀྱི་བཀག་རྒྱ་དང་གྲུབ་ཚུལ་རང་བཞིན་གྱི་འགལ་རྩོད་མེད་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐད་སྒུལ་ཤུགས་ཆེན་པོ་སྣོན་པ་དང་ཤུགས་དང་ལྡན་པའི་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་ན། འགལ་རྩོད་གཙོ་བོ་དང་འགལ་རྩོད་ཀྱི་ཕྱོགས་གཙོ་བོ་དམ་འཛིན་བྱེད་དགོས། རང་རྒྱལ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་གོང་འཕེལ་དུ་གཏོང་བ་དང་། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་སྒྲིག་གཞི་འཛུགས་པ། ཆེ་ཕྱོགས་དཔལ་འབྱོར་གྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒྲིག་གཞི་རྐྱེན་སྲོལ་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་གསར་གཏོད་དང་མཁར་གྲོང་མཉམ་བསྲེས་འཕེལ་རྒྱས་སོགས་ལ་རྒྱབ་སྐྱོར་བྱེད་པའི་སྒྲིག་གཞི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་སྔར་ལས་བཅིངས་འགྲོལ་དང་གོང་འཕེལ་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་ཇེ་དྲག་ཏུ་བཏང་ནས། ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས། གོང་རིམ་བཟོ་སྐྲུན་དང་དཔལ་འབྱོར་གྱི་རྨང་གཞི་བཅས་མཐུན་པ་ཡོང་བར་བྱེད་དགོས། དཔལ་འབྱོར་སྒྲིག་གཞི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་ན་མངོན་སུམ་གྱི་དགོས་མཁོ་ལ་རྐང་འཛུགས་པ་དང་། ཆེས་བྲེལ་མྱུར་གྱི་བྱ་བ་གཙོར་བཟུང་ནས་སྒྲུབ་པ། ལག་ལེན་གནད་དོན་ཐག་གཅོད་པའི་ཁྲོད་གཞུང་ལུགས་གསར་གཏོད་ཇེ་ཟབ་ཏུ་གཏོང་བ་དང་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། ཁྱབ་ཁོངས་གཞན་པའི་བཅོས་སྒྱུར་ཐད་ནས་ཀྱང་སྤྱི་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་གཙིགས་སུ་བཟུང་ནས་བཅོས་སྒྱུར་གྱི་བྱེད་ཐབས་ལ་ཇུས་འགོད་བྱེད་པ་དང་། གཙོ་བོ་བཟུང་ན་ཡན་ལག་ངང་གིས་ཐོན་པ་མངོན་འགྱུར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་འདུན་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན་པ་དང་། བཅོས་སྒྱུར་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམིགས་འབེན་ནི་མཐར་ཐུག་ན་མི་དམངས་ཀྱིས་སྔར་ལས་བཟང་བའི་འཚོ་བ་རོལ་ཐུབ་པར་བྱེད་རྒྱུ་དེ་ཡིན་པས། མི་དམངས་སྤྱིའི་ཁེ་ཕན་དང་རྩ་བའི་ཁེ་ཕན། ཡུན་རིང་གི་ཁེ་ཕན་ལ་རྐང་བཙུགས་ནས་ཇུས་འགོད་བྱེད་པ་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་བཟང་བོར་བསྐྱོད་པ། ལས་ཞུགས་དང་ཡོང་འཕར། སློབ་ཞུགས། སྨན་བཅོས། སྡོད་ཁང་། ལས་སྒྲུབ། བྱིས་གཉོར་རྒན་གསོ་དང་། ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སོགས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་ཁྲོད་བཅོས་སྒྱུར་གྱི་ཤུགས་འདོན་ས་དང་བརྒལ་གཏོར་བྱེད་ས་འཚོལ་བ། དམངས་ཚིས་ཐད་ཀྱི་བྲེལ་མྱུར་གནད་དོན་དང་དམངས་སེམས་ཕྱོགས་པའི་བཅོས་སྒྱུར་གྱི་བྱེད་ཐབས་འདོན་པ། དམངས་ཚིས་ལ་ཕན་འདོགས་པ་དང་དམངས་སེམས་ལ་དྲོད་ཁོལ་སྦྱིན་པ། དམངས་ཀྱི་འདོད་བློ་དང་མཐུན་པའི་དོན་དངོས་མང་པོ་སྒྲུབ་སྟེ། བཅོས་སྒྱུར་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་མཐོར་འདེགས་སུ་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བཅོས་སྒྱུར་ཐད་དུ་གཏོར་བ་དང་འཛུགས་པ་གཉིས་ཡོད་ལ། གནད་དེ་ཁོང་དུ་ཆུད་ན་ངལ་བ་ཆུང་ཡང་གྲུབ་འབྲས་ཆེན་པོ་ལེན་ཐུབ་པ་དང་། གནད་དེ་མ་ཤེས་ན་ངལ་བ་ཆེན་པོ་བརྒྱབ་ཀྱང་གྲུབ་འབྲས་ཆུང་ངུ་མ་གཏོགས་ལེན་མི་ཐུབ་པར་མ་ཟད་ཐ་ན་ནུས་པ་ངན་པ་ཐོན་ངེས་པས། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། བཅོས་སྒྱུར་ཇི་ལྟར་བྱས་ན་ཡང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་རྒྱུན་འཁྱོངས་བྱེད་པ། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་རྩ་བ་འདིའི་ཐད་དུ་གཏན་ནས་གཡོ་འགུལ་བྱེད་མི་རུང་བ་དང་། དེ་དང་མཉམ་དུ་གསར་གཏོད་བྱེད་ཕོད་པར་བྱེད་པ་དང་། བཅོས་སྒྱུར་བྱེད་འོས་པ་དང་བཅོས་སྒྱུར་བྱེད་དགོས་་པ་ཚང་མ་བཅོས་སྒྱུར་བཟང་བོ་དང་བཅོས་སྒྱུར་གནད་འཁེལ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་དམ་འཛིན་བྱེད་དགོས། བཅོས་སྒྱུར་ཐད་ནས་མ་ལག་འདུས་གྲུབ་བྱེད་པར་དོ་སྣང་བྱེད་པ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་དང་མ་ལག་བསམ་བློར་བརྟེན་ནས་ཇུས་འགོད་བྱེད་པ་དང་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་གྱི་བྱེད་ཐབས་སྣ་ཚོགས་ཀྱི་མཐུན་སྦྱོར་ཆ་སྡེབས་ལ་ཤུགས་སྣོན་པ། ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོའི་བཅོས་སྒྱུར་བྱེད་ཐབས་ཀྱིས་ཁ་ཕྱོགས་གཅིག་ལ་ཤུགས་འདོན་པ་དང་མཉམ་ཤུགས་གྲུབ་པར་སྐུལ་འདེད་གཏོང་བ། སྤྱིའི་ཕན་ནུས་ཇེ་དྲག་ཏུ་བཏང་སྟེ། གང་འདོད་དེ་སྒྲུབ་བྱེད་པ་དང་ཕན་ཚུན་བཀག་གནོད་བྱེད་པའི་སྣང་ཚུལ་བཀག་འགོག་དང་ཁྱད་སེལ་བྱེད་དགོས། བཅོས་སྒྱུར་ཐད་ནས་ཇུས་འགོད་གཙོར་འཛིན་པ་དང་། ལག་བསྟར་ལ་དེ་ལས་ཀྱང་མཐོང་ཆེན་བྱེད་དགོས། གཟེར་འདེབས་སྙིང་སྟོབས་ཀྱིས་བཅོས་སྒྱུར་ལག་བསྟར་བྱེད་པ་དམ་འཛིན་བྱེད་པ་དང་། རང་འགུལ་གྱིས་བཅོས་སྒྱུར་བྱེད་པ་མ་ཟད། ཏན་ཏིག་བརྟན་བརླིང་དེ་ལས་ཀྱང་བྱེད་དགོས་ལ། སྔོན་ལེགས་ཀྱི་གོ་རིམ་གཏན་ཁེལ་གསལ་བོ་བྱེད་པ། དུས་ཚོད་དང་ཤུགས་ཚད། ཕན་འབྲས་ཁོང་དུ་ཆུད་པར་བྱས་ནས། ནུས་ཤུགས་ཅི་ཡོད་འདོན་པ་དང་རང་ནུས་ཅི་ལྕོགས་བྱེད་པ་ལས་དོན་དངོས་དང་ཁ་འབྲལ་མི་རུང་།

ལིས་ཀན་ཅེ་དང་ཧི་ལིས་ཧྥིན་བཞུགས་མོལ་ཚོགས་འདུར་ཞུགས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། ཧྲན་ཏུང་ཞིང་ཆེན་གྱི་འགན་ཁུར་བློ་མཐུན། རྒྱལ་དབང་ཁེ་ལས་དང་དམངས་གཉེར་ཁེ་ལས། ཕྱི་དངུལ་ཁེ་ལས། ཞང་ཀང་དང་ཨོ་མིན། ཐའེ་ཝན་གྱི་དངུལ་གཏོང་ཁེ་ལས། སྒེར་ཚོང་གཉེར་མཁན་དང་ཆེད་མཁས་པ་དང་རིག་གནས་པའི་འཐུས་ཚབ་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

རིན་ཆེན་མཚོས་བསྒྱུར།