ཞི་ཅིན་ཕིང་གིས་ཀྲུང་གོ་དང་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོན་ལས་དང་དངུལ་གཏོང་མཉམ་ལས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་བསྐུར།
2024.05.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ5པའི་ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོན་ལས་དང་དངུལ་གཏོང་མཉམ་ལས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་བར་གྱི་མཛའ་མཐུན་གྲོགས་པོའི་འགྲོ་འོང་དེར་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་རིང་བོ་ལྡན།     2022ལོར། ཀྲུང་གོ་དང་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རྩེ་ཚོགས་སྐབས་དང་པོ་བདེ་བླག་ངང་འཚོགས་པ་དང་། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མཚོ་ཁུགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་བར་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་རྣམ་པ་གསར་པ་བཏོད་ཡོད།     ཀྲུང་གོས་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་བར་གྱི་ཐོན་ལས་དང་དངུལ་གཏོང་མཉམ་ལས་གཏིང་ཟབ་ཏུ་བཏང་བ་དེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་མཚོ་ཁུགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་ཕུགས་འདུན་འཆར་འགོད་ལ་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་པ་དང་།    ཁྱད་སྟོབས་གསབ་རེས་དང་འདོན་སྤེལ་བྱས་ཏེ་ཐུན་མོང་གིས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྐྱེད་སྲིང་བྱས་ནས། ཕྱོགས་གཉིས་དར་རྒྱས་གོང་འཕེལ་གཏོང་བར་ཕན་པ་ཡོད།     ཀྲུང་གོས་མཚོ་ཁུགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་དང་མཉམ་དུ་མཐུན་སྒྲིལ་ལ་སྐུལ་འདེད་དང་། མཉམ་དུ་འཆར་འགོད་མཉམ་ལས་བྱས་ནས་ཀྲུང་གོ་དང་མཚོ་ཁུགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་བར་གྱི་འབྲེལ་བའི་ལེའུ་གསར་པ་འབྲི་འདོད་ཡོད་ཅེས་གསུངས།

ཀྲུང་གོ་དང་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོན་ལས་དང་དངུལ་གཏོང་མཉམ་ལས་གླེང་སྟེགས་ཉིན་དེར་ཧྥུའུ་ཅན་ཞིང་ཆེན་ཞཱ་མིན་གྲོང་ཁྱེར་དུ་མགོ་བརྩམས་པ་དང་། བརྗོད་བྱ་ནི“འབྱུང་འགྱུར་ལ་ཁ་ཕྱོགས་པ་དང་ལག་གདང་སྦྲེལ་ནས་ཀྲུང་གོ་དང་མཚོ་ཁུགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་བར་གྱི་ཐོན་ལས་དང་དངུལ་གཏོང་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ”ཞེས་པ་དེ་ཡིན་ལ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས།

ཤ་བོ་རིན་མཚོས་བསྒྱུར།