ཟླ5པའི་ཚེས22ཉིན་ནས་ཚེས23ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧི་ནན་ཞིང་ཆེན་དུ་རྟོག་ཞིབ་མཛད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་ཟབ་མོ་བྱེད་པ་དང་། “དབྱར་གསུམ”བྱ་བ་ཏན་ཏིག་གིས་ལེགས་པོར་སྒྲུབ་སྟེ། དབྱར་འབྲུ་ལ་ལོ་ལེགས་འབྱུང་བར་ཁག་ཐེག་དང་། ཚན་རྩལ་འདེགས་སྐྱོར་དང་ཐོན་ལས་སྣེ་ཁྲིད་ཤུགས་དྲག་ཏུ་གཏོང་བ། ཞིང་ལས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པའི་གཞི་རྩ་ཇེ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།
ཟླ5པའི་ཚེས22ཉིན་ནས་ཚེས23ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧི་ནན་དུ་རྟོག་ཞིབ་བྱས། འདི་ནི་ཟླ5པའི་ཚེས23ཉིན། ལིས་ཆང་གིས་ཞིན་ཞང་གྲོང་ཁྱེར་ཕིན་ཡོན་དཔེ་སྟོན་ཁུལ་གྱི་ཚད་གཞི་མཐོ་བའི་ཞིང་ས་རུ་རྟོག་ཞིབ་མཛད་བཞིན་པའི་ཚུལ་རེད།
ལིས་ཆང་སྔ་གཞུག་ཏུ་ཀྲིན་ཀྲིའུ་གྲོང་ཁྱེར་དང་། ཞིན་ཞང་གྲོང་ཁྱེར་དུ་སོང་སྟེ། ཞིང་ས་དང་འདེབས་གསོ་རྟེན་གཞི། ཟས་རིགས་ཁེ་ལས། ཚན་ཞིབ་ལས་ཁུངས་སོགས་སུ་འབྲེལ་ཡོད་བྱ་བར་རྟོག་ཞིབ་མཛད། ཞིན་ཞང་གྲོང་ཁྱེར་ཕིན་ཡོན་དཔེ་སྟོན་ཁུལ་གྱི་ཚད་གཞི་མཐོ་བའི་ཞིང་ས་རུ། གྲོ་གཅིག་བསྡུས་ཀྱིས་བསྡུ་བའི་དུས་སྐབས་སླེབས་ལ་ཉེ། ལིས་ཆང་ཞིང་ཁར་སོང་ནས་ལྡེམ་ལྡེབ་གཡོ་བའི་གྲོ་ཡི་སྙེ་མ་ལ་ཞིབ་གཟིགས་མཛད་ཅིང་། “དབྱར་གསུམ”ཐོན་ལས་དང་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་སྙན་ཞུར་གསན་ནས། ཞིང་ལས་ཆེད་མཁས་པ་དང་བསམ་ཚུལ་བརྗེ་རེས་མཛད། ལིས་ཆང་གིས་བསྟན་དོན། དབྱར་ཁའི་ལོ་ཏོག་བསྡུ་བའི་བྱ་བ་ཞིབ་ཚགས་ཀྱིས་དམ་འཛིན་བྱས་ཏེ། ཁོངས་བརྒལ་འཕྲུལ་ཆས་འབྲེག་སྡུད་རྩ་འཛུགས་བཀོད་གཏོང་ལ་ཤུགས་སྣོན་པ་དང་། དུས་ལྟར་འབྲུ་རིགས་བསྐམ་པར་འགན་སྲུང་བྱེད་དགོས་ཤིང་། དབྱར་ཁའི་ལོ་ཏོག་གི་ཞིང་སའི་དོ་དམ་དང་གནོད་འགོག་གནོད་སེལ། དབྱར་འདེབས་གྲ་སྒྲིག་བྱ་བར་གཅིག་འདོམས་བྱེད་དགོས། དབྱར་ཁའི་ལོ་ཏོག་བསྡུ་གསོག་བྱ་བ་ཡག་པོར་བསྒྲུབ་སྟེ། ཆེས་དམའ་བའི་ཉོ་བསྡུའི་རིན་གོང་གི་མཐའ་སྲུང་བྱེད་ནུས་འདོན་སྤེལ་བྱས་ནས། ཞིང་པར་ཞིང་བཏབ་ན་ཁེ་སྤོགས་ཡོད་པར་ཁག་ཐེག་བྱེད་དགོས། ཆ་རྐྱེན་དང་མཐུན་པའི་ཞིང་ར་སྔར་ལས་མང་བོ་ཚད་གཞི་མཐོ་བའི་ཞིང་རར་བསྒྱུར་དགོས། ཁོང་གིས་རྒྱལ་ཁབ་ཀྱིས་འབྲུ་རིགས་ཐོན་སྐྱེད་ཀྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པའི་ཐད་དུ་ཤུགས་སྣོན་ཚད་ཇེ་ཆེར་གཏོང་བ་ལས་ཇེ་ཆུང་དུ་གཏོང་མི་སྲིད་པ་ནན་གྱིས་བསྟན།
རྒྱལ་ཁབ་སྐྱེ་དངོས་གསོ་འདེབས་ཐོན་ལས་གསར་གཏོད་ལྟེ་གནས་རུ། ལིས་ཆང་གིས་ལག་རྩལ་འགག་སྒྲོལ་དང་། ཚན་ཞིབ་སྟོབས་ཤུགས་སྡེབ་སྒྲིག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། སན་ཆོན་ཟས་རིགས་ཀུང་ཟི་རུ། ལིས་ཆང་གིས་མ་བཅོས་རྒྱུ་ཆའི་བརྟག་བཤེར་དང་། ཐོན་རྫས་གསར་སྤེལ་དང་རང་ནུས་ཐོན་སྐྱེད་སོགས་ལ་ཞིབ་གཟིགས་མཛད། ཁོང་གིས་ཞིང་ལས་དེང་རབས་ཅན་དུ་བསྒྱུར་དགོས་ན་སོན་རྒྱུ་ནི་རྨང་གཞི་ཡིན་པས། སོན་འདེབས་ལས་རིགས་ཁྱབ་ཁོངས་ཀྱི་གསར་གཏོད་སྟེགས་བུ་འཛུགས་པར་སྐུལ་འདེད་བཏང་སྟེ། སོན་རྒྱུ་གཙོ་བོའི་སྔོན་སྐབས་ཀྱི་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། ཐོན་ལས་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། སོན་བཟང་སྔར་ལས་མང་བོ་གསོ་སྐྱོང་བྱས་ནས། མགོ་ཁུངས་ནས་རྒྱབ་ཁབ་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་དགོས། དེང་རབས་ཞིང་ལས་འཕེལ་རྒྱས་དེ་ཚན་རྩལ་དང་འཇོན་མིར་བརྟེན་ཤུགས་སྔར་ལས་ཇེ་ཆེར་སོང་བས། ཞིང་ལས་ཚན་ཞིབ་མི་སྣར་སྐུལ་སློང་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་དགོས་ཏེ། ན་གཞོན་སློབ་མ་སྔར་ལས་མང་བོས་ཞིང་ལས་ཤེས་བྱ་སྦྱོང་བར་སྐུལ་མ་གཏོང་བ་དང་། ཕུལ་བྱུང་འཇོན་མི་སྔར་ལས་མང་བོས་ཞིང་ལས་ལ་གཞོལ་བར་ཡིད་འགུག་བྱེད་དགོས། ལིས་ཆང་གིས་ཟས་རིགས་བཟོ་རྩལ་ལས་རིགས་ནི་ཆེས་སྔ་བའི་ལས་རིགས་ཤིག་ཡིན་པས་འཕེལ་རྒྱས་སྦས་ཤུགས་ཧ་ཅང་ཆེ། སྣེ་ཁྲིད་ཁེ་ལས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཐོན་ལས་ཕྲེང་འབྲེལ་ཡོངས་ཀྱི་མཉམ་འགུལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་ཁྲིད་དང་། སྤུས་ཚད་མཐོར་འདེགས་བཏང་ནས་ཚོང་རྟགས་གྲགས་པར་བྱས་ནས། ཁྱད་ལྡན་ཟས་རིགས་ཐོན་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས། ཞིང་ལས་ཚོང་གཉེར་རྣམ་པ་གསར་གཏོད་བྱས་ཏེ། གསར་དར་ཞིང་ལས་ཚོང་གཉེར་གཙོ་གཞི་གསོ་སྐྱོང་རྒྱ་སྐྱེད་བཏང་ནས། ཞིང་པའི་ཡོངས་འབབ་འཕར་སྣོན་དང་ཕྱུག་འགྱུར་ལ་སྐུལ་ཁྲིད་དང་། ཞིང་ལས་འཕེལ་རྒྱས་ཀྱི་སྤུས་ཚད་ཕན་འབྲས་ཇེ་མཐོར་བཏང་སྟེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
ཟླ5པའི་ཚེས22ཉིན་ནས་ཚེས23ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧི་ནན་དུ་རྟོག་ཞིབ་བྱས། འདི་ནི་ཟླ5པའི་ཚེས22ཉིན། ལིས་ཆང་གིས་ཀྲུང་ཡོན་ཚན་རྩལ་མཁར་ཧི་ནན་ཞིང་ཆེན་ཚན་རིག་སློབ་གླིང་རྟོག་ཞིབ་མཛད་པའི་ཚུལ་རེད།
ལིས་ཆང་ཀྲུང་ཡོན་ཚན་རྩལ་མཁར་ཧི་ནན་ཞིང་ཆེན་ཚན་རིག་སློབ་གླིང་དུ་ཕེབས་ནས་ཚན་ཞིབ་མི་སྣ་དང་མཉམ་དུ་བཞུགས་མོལ་བྱས། ཁོང་གིས་ལམ་ལུགས་རྐྱེན་སྲོལ་གསར་གཏོད་དང་། ཐོན་ལས་ཞིབ་འཇུག་ཟུང་འབྲེལ་བྱེད་པར་སྤོབས་པ་ཆེན་པོས་འཚོལ་ཞིབ་བྱས་ཏེ། གསར་གཏོད་གྲུབ་འབྲས་ཀྱི་རྒྱུན་མི་ཆད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
ལིས་ཆང་གིས་ཧི་ནན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་ཧི་ནན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པར་དབུས་རྒྱུད་ས་ཁུལ་གྱི་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་དང་ཧི་ནན་གྱི་བྱ་བའི་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས་བྱེད་པ་དང་། བྱ་བར་སྐུལ་འདེད་ཏན་ཏིག་བཏང་ནས། དབུས་རྒྱུད་ས་ཁུལ་དར་རྒྱས་སུ་གཏོང་བའི་ལེའུ་གསར་པ་འབྲི་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་ཐུགས་རེ་བཏོན།
རིག་འཛིན་སྒྲོལ་མས་བསྒྱུར།