ཚེས23ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཞ་མིན་དུ་ཀྲུང་གོ་དང་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་ཁོངས་གཏོགས་རྒྱལ་ཁབ་ཐོན་ལས་དང་དངུལ་གཏོང་མཉམ་ལས་གླེང་སྟེགས་སུ་ཞུགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་གནང་བ་མ་ཟད་ཞུ་ཚིག་ཕུལ།
ཟླ5པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཞཱ་མིན་དུ་ཀྲུང་གོ་དང་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོན་ལས་དང་དངུལ་གཏོང་མཉམ་ལས་གླེང་སྟེགས་སུ་ཞུགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་གནང་བ་མ་ཟད་ཞུ་ཚིག་ཕུལ།
ཏེན་ཞུའེ་ཞང་གིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེད་དུ་རྟེན་འབྲེལ་འཕྲིན་ཡིག་བསྐུར་བ་ལས་གླེང་སྟེགས་ལ་ཚད་མཐོའི་མཐོང་ཆེན་གནང་བཞིན་པ་མཚོན་ཡོད། ཀྲུང་གོ་དང་མཚོ་ཁུགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་བར་ལོ་ངོ་ཉིས་སྟོང་ཙམ་གྱི་མཛའ་བརྩེའི་འགྲོ་འོང་གི་ལོ་རྒྱུས་ལྡན། ཀྲུང་གོ་དང་མཚོ་ཁུགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་ནི་སྤུན་ཟླ་བཟང་པོ་དང་གྲོགས་པོ་བཟང་པོ་ཡིན་པས། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ནས་མཐུན་སྒྲིལ་མཉམ་ལས་དང་། ཕན་ཚུན་བརྩི་འཇོག གཉིས་ཕན་མཉམ་རྒྱལ་བཅས་ཀྱི་ལམ་བུ་གསར་པ་ཞིག་བསྐྲུན་ནས་རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཀྲུང་གོ་དང་མཚོ་ཁུགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་བར་འཕེལ་རྒྱས་ཀྱི་ལེགས་ཆ་ཚད་མཐོའི་ངང་གསབ་རེས་བྱེད་པ་དང་། དངོས་གཉེར་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་དང་མདུན་ལམ་རྒྱ་ཆེན་པོ་ཡོད། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་གནས་བབ་ཀྱི་མདུན་དུ་ཀྲུང་གོ་དང་མཚོ་ཁུགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་བར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དེས་ས་ཁུལ་གྱི་བརྟན་བརླིང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཕན་འདོགས་པ་དང་ཕྱོགས་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་ཧ་ཅང་ཆེན་པོ་བསྐྲུན་ངེས། ང་ཚོས“ཕན་ཚུན་གཟིགས་སྐྱོང་དང་རོགས་རམ་བྱེད་པ་དང་། འདྲ་མཉམ་གཉིས་ཕན། ཁོང་ཡངས་དཔེ་ལྟ”བཅས་ཀྱི་མཛའ་མཐུན་སྣང་ཚུལ་དར་སྤེལ་བཏང་ནས། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ལག་གདང་སྦྲེལ་ནས་ཐོན་ལས་དང་དངུལ་གཏོང་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་མཚོ་ཁུགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་བར་སྒུལ་ཤུགས་གསར་པ་སྣོན་དགོས།
ཏེན་ཞུའེ་ཞང་གིས་ཀྲུང་གོ་དང་མཚོ་ཁུགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་བར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་གྲོས་འགོ་བཞི་བཏོན། གཅིག་ནི་རྩེ་རིམ་ཇུས་འགོད་ལ་ཤུགས་བསྣན་ནས་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་ཏུ་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་མཚོ་ཁུགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་ཕུགས་འདུན་འཆར་འགོད་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལམ་སྲོལ་བེད་སྤྱོད་ཡག་པོ་བྱས་ནས་ཕྱོགས་གཉིས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། གཉིས་ནི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ཏེ་ཐུན་མོང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། 《ཀྲུང་གོ་དང་མཚོ་ཁུགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་བར་གྱི་གྲོས་མོལ་གྱི2023ལོ་ནས2027ལོའི་བར་གྱི་འགུལ་སྐྱོད་འཆར་གཞི》དོན་འཁྱོལ་ནན་མོ་བྱས་ཏེ། རླངས་སྣུམ་དང་རྡོ་སྣུམ་རྫས་འགྱུར་བཟོ་ལས། རྨང་གཞིའི་སྒྲིག་བཀོད་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ནུས་ཁུངས་གཙང་མ་དང་གཞི་གྲངས་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ཧུར་ཐག་གིས་སྤེལ་ནས། སྔར་ལས་མང་པོའི་མཉམ་ལས་ཀྱི་གྲུབ་འབྲས་ཆགས་པར་བྱ་དགོས། གསུམ་ནི་ཞབས་ཞུ་འགན་སྲུང་བྱེད་ཤུགས་ཇེ་ཆེར་བཏང་ནས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས། ཀྲུང་གོས་ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་པོའི་ངང་རྒྱ་ཆེར་བཏང་ནས་མཚོ་ཁུགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཀྲུང་གོར་དངུལ་གཏོང་བྱེད་པའི་བར་སྟོང་སྔར་ལས་ཆེ་བ་དང་སྟབས་བདེ་མང་པོ་འདོན་སྤྲོད་བྱ་དགོས། མཚོ་ཁུགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་ཆ་རྐྱེན་བཟང་པོ་བསྐྲུན་རྒྱུའི་རེ་བ་ཡོད། བཞི་ནི་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་་བཏང་ནས་ཁེ་ཕན་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས། འདྲ་མཉམ་དང་གོ་རིམ་ལྡན་པའི་སྒོ་ནས་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བ་དར་སྤེལ་ཧུར་ཐག་བཏང་ནས་འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་འགོ་དང་། འཛམ་གླིང་བདེ་འཇགས་ཀྱི་གྲོས་འགོ། འཛམ་གླིང་དཔལ་ཡོན་གྱི་གྲོས་འགོ་བཅས་ལག་གདང་སྦྲེལ་ནས་དོན་འཁྱོལ་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།
ཁུ་ཝེ་ཐི་རྒྱལ་ཁབ་ཀྱི་ཨའེ་མུས་ཨར་མུས་ཧྲ་ལི་དང་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་དང་དབུ་བཞུགས་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་བཞེས་པའི་མུའུ་ཧན་མོ་ཏིས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་བསྐུར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ། ཙུང་ལི་གཞོན་པ་དང་ཙུང་ཐུང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་གྱི་འགན་གཅིག་ལྕོགས་སུ་འཁུར་བའི་མན་སུའུ་ཨར་གྱིས་བརྙན་ལམ་ནས་ཞུ་ཚིག་ཕུལ། སོ་ཏི་ཨ་རབ་དང་ཁ་ཐར་། པཱ་ལིན། ཨ་མན། ཁུ་ཝེ་ཐི་སོགས་རྒྱལ་ཁབ་ཀྱི་འཐུས་མི་དང་མཚོ་ཁུགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོས་ཞུ་ཚིག་ཕུལ།
ཀྲུང་གོ་དང་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་ཀྱི་སྲིད་གཞུང་སྡེ་ཁག་དང་། ལས་རིགས་ཁེ་ལས། དངུལ་རྩའི་སྒྲིག་གཞི་སོགས་ལས་རིགས་སོ་སོའི་འཐུས་མི600ཙམ་གླེང་སྟེགས་སུ་ཞུགས།
ཤ་བོ་རིན་མཚོས་བསྒྱུར།