ཟླ5པའི་ཚེས23ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མཚོ་སྔོན་དགེ་ཐོན་སློབ་ཆེན་དང་། མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་། ཞིང་ཆེན་ཤེས་ལྡན་མི་སྣའི་བརྗེ་རེས་ལྟེ་གནས་བཅས་སུ་སོང་ནས་རྟོག་ཞིབ་བྱསཔར་མ་ཟད། ཆེད་དོན་གྲོགས་ཚོགས་བསྡུས་ནས་ལས་ཞུགས་བྱ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ལས་ཞུགས་ཀྱི་དམིགས་གསལ་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ་དང་ལས་ཞུགས་ཀྱི་ཐབས་ལམ་མུ་མཐུད་དུ་རྒྱ་བསྐྱེད་ནས། སློབ་ཆེན་ནས་མཐར་ཕྱིན་པའི་སློབ་མ་སྤུས་ཚད་མཐོ་བའི་ངང་ལས་ཞུགས་ཡག་པོ་བྱེད་ཐུབ་པར་སྐུལ་འདེད་བཏང་སྟེ། དམངས་འཚོའི་བཟོ་འགོད་དང་། དམངས་སེམས་བཟོ་འགོད། རྨང་གཞིའི་བཟོ་འགོད་ཆེན་པོ་བཅས་དམ་འཛིན་ཏན་ཏིག་བྱེད་དགོས་ཞེས་ནན་གྱིས་བསྟན།
ཁྲིན་ཀང་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་བསྐྱོད་དེ། སྔ་རྗེས་སུ་སློབ་གྲྭའི་གདན་ཞུའི་ཚོགས་འདུའི་ཡུལ་དངོས་དང་བསམ་བློ་ཆབ་སྲིད་ཆེད་ལས་སློབ་ཁང་དུ་སོང་ནས། སློབ་མའི་ལས་ཞུགས་ཀྱི་འདུན་པ་དང་མི་བཀོལ་ལས་ཁུངས་ཀྱི་གན་རྒྱ་བཞག་ཚུལ་ཞིབ་འདྲི་བྱས་པ་དང་། བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་ཚན་ལ་ཟུར་ཉན་བྱས། ཞིང་ཆེན་ཤེས་ལྡན་མི་སྣའི་བརྗེ་རེས་ལྟེ་གནས་སུ། ཁྲིན་ཀང་གིས་ཞིང་ཆེན་ཡོངས་ཀྱི་སློབ་ཆེན་ནས་མཐར་ཕྱིན་པའི་སློབ་མ་དང་དེ་མིན་ན་གཞོན་ལས་ཞུགས་བྱ་བའི་གནས་ཚུལ་ལ་ཉན་པ་དང་། “མཚོ་སྔོནeལས་ཞུགས”ཀྱི་ཁྱད་ལྡན་ཚོང་རྟགས་དང་། “ ཐད་གཏོང་གིས་ལས་གནས་ལ་སྐུལ་ཁྲིད་བྱེད་པའི”བྱེད་སྒོ་སོགས་ལ་རྒྱུས་ལོན་བྱས། མཚོ་སྔོན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་དུ། ཁྲིན་ཀང་གིས“ལྔ་པའི་ཚེས་ཉེར་ལྔའི”སེམས་ཁམས་བདེ་ཐང་ཟླ་བའི་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་བལྟས་པ་དང་། སློབ་མའི་དོ་དམ་ཞབས་ཞུ་དང་སློབ་མ་བསྡུ་ལེན། ལས་ཞུགས་བཅས་ཀྱི་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སློབ་ཆེན་ནས་མཐར་ཕྱིན་པའི་སློབ་མའི་ལས་ཞུགས་ནི་སྤྱི་ཚོགས་དང་འབྲེལ་ཡོད་པ་དང་། ཁྱིམ་ཚང་ཁྲི་སྟོང་མང་པོར་འབྲེལ་ཡོད་པའི་དོན་ཆེན་ཞིག་ཡིན་པས། མཚོ་སྔོན་འདི་ཉིད་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་བཟང་བོར་གནས་པའི་གོ་སྐབས་དམ་འཛིན་བྱས་ཏེ། རང་འགུལ་གྱིས་འབད་བརྩོན་བྱེད་པ་དང་བྱས་རྗེས་བཞག་ནས། ན་གཞོན་སློབ་མས་ཡང་དག་པའི་ལས་ཞུགས་ལྟ་བ་དང་ལས་འདེམས་ལྟ་བ་བཅངས་པར་ཁྲིད་སྟོན་བྱེད་པ་དང་། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་ཤུགས་ཚད་དང་ཚད་གཞི་ཇེ་མཐོར་གཏོང་བ། ལས་ཞུགས་མཁོ་སྤྲོད་རྒྱ་བསྐྱེད་པ། ལས་གནས་སྙོམས་སྒྲིག་བྱེད་ཚད་མཐོར་འདེགས་སུ་གཏོང་བ། སློབ་གྲྭ་ནས་ལས་རིགས་བར་གྱི“ མཇུག་མཐའི་སྤྱི་ལེ་གཅིག”གེགས་མེད་ཡོང་བར་བྱེད་པ། བརྩེ་བ་ཟབ་མོས་ལས་ཞུགས་ཞབས་ཞུ་ལེགས་པོར་སྒྲུབ་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ལས་ཞུགས་ལ་སྔར་ལས་སྐུལ་འདེད་ལེགས་པོ་གཏོང་བ་བཅས་བྱེད་དགོས། བསམ་བློ་ཆབ་སྲིད་སློབ་ཚན་གྱི་དམིགས་སའི་རང་བཞིན་དང་ཡིད་དབང་འགུག་ཤུགས་ཇེ་ཆེར་གཏོང་བ་དང་། བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་རྨང་གཞི་སྲ་བརྟན་དུ་གཏོང་བ། དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པ། ན་གཞོན་ལོ་ཆུང་གིས་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་། མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་རྒྱས་སུ་གཏོང་བ་བཅས་ཀྱི་ཐད་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། སློབ་གྲྭའི་སྲོལ་ལེགས་པོ་དང་། སློབ་ཁྲིད་ཀྱི་སྲོལ་ནན་མོ། སློབ་སྦྱོང་གི་སྲོལ་བཟང་པོ་བཅས་ལ་བརྟེན་ནས། ཏང་གི་བློ་བདེ་བ་དང་། རྒྱལ་ཁབ་ལ་དགའ་ཞེན་དང་བྱས་རྗེས་འཇོག་པ། མི་རིགས་བསྐྱར་དར་གྱི་ལས་འགན་ལྗིད་མོ་འཁུར་ཕོད་པ་བཅས་ཀྱི་དུས་རབས་ཀྱི་མི་གསར་པ་སྔར་ལས་མང་པོ་སྐྱེད་སྲིང་བྱེད་དགོས།
ཆེད་དོན་གྲོས་ཚོགས་སྟེང་། ཁྲིན་ཀང་གིས་ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭ་ཁག་ཅིག་གི་བྱ་བའི་གནས་ཚུལ་ཡར་ཞུ་ལ་ཉན་རྗེས་ནན་གྱིས་བསྟན་དོན། ཏང་གིས་མཐོ་རིམ་སློབ་གྲྭར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ་དང་། ན་གཞོན་སློབ་མར་བསམ་བློའི་ཁྲིད་སྟོན་བྱེད་པར་ཤུགས་སྣོན་པ། མཐོ་རིམ་སློབ་གྲྭ་ཞེས་པའི་འདུ་ཤེས་འཛིན་སྟངས་ཀྱི་མདུན་གྲལ་གྱི་གཡུལ་ས་འདི་བརྟན་སྲུང་བཅས་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་སློབ་མའི་སེམས་གཏིང་དུ་སིམ་པར་བྱེད་པ་དང་། མི་རིགས་སོ་སོའི་སློབ་མའི་འགྲོ་འོང་དང་། བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས་སློབ་གྲྭའི་བདེ་འཇགས་ཚད་མཐའ་བརྟན་པོར་སྲུང་བ་དང་། བདེ་འཇགས་འགན་སྲུང་ཆུ་ཚད་ཇེ་མཐོར་གཏོང་བ། སློབ་མའི་སེམས་ཁམས་བདེ་ཐང་ལ་མཐོང་ཆེན་བྱས་ཏེ། སློབ་མ་རྣམས་ཀྱིས་བློ་བདེ་བའི་ངང་སློབ་སྦྱོང་བྱེད་པ་དང་ཁོ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོབ་དང་རམ་འདེགས་བྱེད་དགོས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།