ཝུའུ་ཞའོ་ཅུན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གི་སྒྲོག་སྤེལ་ཚོགས་འདུའི་སྟེང་བརྗོད་དོན་ཁྱབ་སྒྲོག་བྱས་པར་མ་ཟད་གསར་འགོད་པའི་དྲི་བར་ལན་བཏབ།
2024.05.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ5པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་པེ་ཅིང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མུ་འབྲེལ་བརྗོད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོང་པ་བྱས་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པའི་བརྗོད་དོན་ལ་དམིགས་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱིའི་གནས་ཚུལ་ངོ་སྤྲོད་བྱས་པར་མ་ཟད། སྨྱན་བྱད་ཀྱི་གསར་འགོད་པའི་དྲི་བར་ལན་བཏབ།

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ཡིན་ལ། ཐོན་ཁུངས་ཀྱིས་ཕྱུག་པའི་ཞིང་ཆེན་དང་འཐབ་ཇུས་ཀྱི་ཞིང་ཆེན་གལ་ཆེན་ཡང་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་གཉིས་ལ་མཚོ་སྔོན་མཐོ་སྒང་དུ་གཟིགས་ཞིབ་མཛད་པ་དང་། ཐེངས་གཉིས་ལ་རྒྱལ་ཡོངས་དམངས་ཆེན་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པར་མ་ཟད། མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་སྐྱེ་ཁམས་ཡིན་པ་དང་།  ཆེས་ཆེ་བའི་འགན་འཁྲི་སྐྱེ་ཁམས་ཡིན་ལ། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཡིན།   འཕེལ་རྒྱས་གསར་པའི་དུས་རིམ་དུ་བསྐྱོད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཙུགས་ན། མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་གོ་གནས་དང་རྒྱལ་ཁོངས་བདེ་འཇགས་གོ་གནས། ཐོན་ཁུངས་ནུས་ཁུངས་བདེ་འཇགས་ཀྱི་གོ་གནས་སྔར་ལས་གལ་ཆེ་བར་མངོན་ཡོད་ཅེས་གསལ་བོར་བསྟན་ལ། ང་ཚོ་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོང་པ་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུའི་སྐུལ་མ་བཏང་། ང་ཚོས་མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་དྲིན་གཟོ་མདུན་སྐྱོད་བྱས་ཏེ།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་མཛད་པའི་ཁ་ཕྱོགས་བརྒྱུད་དེ་མདུན་དུ་བསྐྱོད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད།

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ང་ཚོས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱས་ཏེ། ཀྲུང་ཧྭའི་ཆུ་མཛོད་སྔར་ལས་ཇེ་བརྟན་དུ་བཏང་ཡོད། ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོང་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་པ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཐད་ནས་རྒྱལ་ཡོངས་ཀྱི་མདུན་གྲས་སུ་བསྐྱོད་པར་སྐུལ་འདེད་བཏང་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དེ་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་ཆེས་ཐོག་མ་དང་རྒྱ་ཁྱོན་ཆེས་ཆེ་བའི་རྒྱལ་ཁབ་སྤྱི་གླིང་དུ་གྱུར་པ་དང་། མདོ་ལ་རི་བོ་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་མྱུར་དུ་འཛུགས་སྐྲུན་བྱས་ཏེ། མཚོ་སྔོན་འདི་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གསུམ་འཛུགས་སྐྲུན་བྱེད་བཞིན་པའི་ཞིང་ཆེན་གཅིག་པུར་བསྒྱུར་ཡོད། མཚེའུ་སྟོང་གི་མཛེས་ལྗོངས་ཡང་བསྐྱར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་མངོན་པ་དང་། གཙོད་ཀྱི་གྲངས་ཀ་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ཁྲི་གཉིས་ཙམ་ནས་ཁྲི་བདུན་ལ་ཇེ་མང་དུ་སོང་ཞིང་། གསའ་ཡི་གྲངས་ཀ་སྟོང་གཅིག་དང་ཉིས་བརྒྱར་སླེབས་པ་དང་། མཚོ་སྔོན་པོའི་ཆུ་བྱའི་གྲངས་ཀ་འབུམ་དྲུག་དང་སྟོང་དྲུག་ལ་སླེབས་ཤིང་། གསེར་ཉ2002ལོ་དང་བསྡུར་ན་ཏུན་འབུམ་གཅིག་དང་ཁྲི་གཉིས་ལ་ཇེ་མང་དུ་སོང་།

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ང་ཚོས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ལྗང་མདོག་ཐཱན་ཉུང་གི་དེང་རབས་ཐོན་ལས་མ་ལག་འཛུགས་སྐྲུན་བྱས་ཏེ། འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་མཐུད་ངང་ཇེ་དྲག་ཏུ་བཏང་ཡོད། མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་བར་རྐང་བཙུགས་ནས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་དང་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་གནས། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བཅས་ཀྱི་འཛུགས་སྐྲུན་ཐད་ནས་མཆོང་བརྒལ་གསར་པ་མངོན་འགྱུར་བྱས། 2023ལོའི་ཞིང་ཆེན་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་གྲངས་བརྒྱ་ཆའི་ལྔ་དང་གྲངས་ཆུང་གསུམ་འཕར་སྣོན་བྱུང་བ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་ཐུན་སྔོན་རྩིས་ཀྱི་ཡོང་སྒོ་བརྒྱ་ཆའི་བཅོ་ལྔ་དང་གྲངས་ཆུང་དགུ་འཕར་སྣོན་བྱུང་ལ། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་ཆོག་པའི་ཡོང་སྒོ་བརྒྱ་ཆའི་ལྔ་དང་གྲངས་ཆུང་དགུ་འཕར་སྣོན་བྱུང་བ་དང་། ཕྱི་འཚོང་གི་གསར་པ་སྣ་གསུམ་ཁྲོད་ཀྱི་ཉི་འོད་ནུས་པའི་གློག་གཡིས་དང་ལིས་གློག་ཕྱིར་གཏོང་བྱེད་ཚད་སོ་སོར་ལྡབ་གཉིས་དང་ལྡབ་གསུམ་ལྷག་འཕར་སྣོན་བྱུང་ཞིང་། ཚུལ་སྒྱུར་འཕེལ་རྒྱས་ཀྱི་ཁྲིད་ཕྱོགས་སྔར་ལས་མངོན་གསལ་ཡིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་་ཇེ་ཡངས་ནས་ཇེ་ཡངས་སུ་སོང་ཡོད།

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ང་ཚོས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་ནས། མཉམ་དུ་ཕྱུག་པོར་བསྒྱུར་བར་སྐུལ་འདེད་བཏང་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་གཙོ་སྙིང་དུ་བྱས་པ་དང་། ནོར་སྲིད་ཀྱི་དམངས་ཚིས་ཐད་ཀྱི་འགྲོ་གྲོན་བརྒྱ་ཆའི་དོན་ལྔ་ཡན་རྒྱུན་འཁྱོངས་བྱས་ལ། དམངས་ཕན་བྱེད་ཐབས་དང་དམངས་ཚིས་བཟོ་སྐྲུན་སྐོར་ཞིག་རྒྱུན་མཐུད་ངང་ལག་བསྟར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་དམངས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཀྱི་ཆུ་ཚད་ལས་མཐོ་བ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་ཡོངས་རྫོགས་དང་བརྒྱ་ཆའི་གོ་གསུམ་ཡན་གྱི་རྫོང་དུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བཙུགས་ཤིང་། རིགས་སོ་སོའི་མང་ཚོགས་ཀྱིས་ཕན་ཚུན་རོགས་རེས་དང་འགྲིག་མཐུན་མཉམ་གནས་བྱས་པར་མ་ཟད། མཐུན་སྒྲིལ་དམ་ཟབ་བྱས་ཏེ། མཉམ་དུ་མཛེས་སྡུག་གི་འཚོ་བ་གསར་སྐྲུན་བྱས།

ཝུའུ་ཞའོ་ཅུན་གྱིས་སྐྱོད་ལམ་གསར་པའི་སྟེང་། མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཞེས་པའི་དུས་རབས་གསར་པའི་གནས་ལུགས་བསྙོན་མེད་འདི་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་ཧུར་ཐག་གིས་བྲིས་ནས། གྲུབ་འབྲས་བཟང་བོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བར་བསུ་མ་བྱེད་དགོས་ཟེར།

ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ། ཧྲིན་ཀྲང་གཞོན་པ་ལིའུ་ཐོ་དང་དབྱང་ཀྲི་ཝུན་བཅས་ཀྱིས་སྨྱན་བྱད་ཀྱིས་སེམས་ཁུར་བྱེད་པའི་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན། ལྗང་མདོག་རྩིས་ནུས་ཐོན་ལས། འཁྱག་མཚོའི་གནམ་དཔྱད་ལྟ་ཞིབ་རྟེན་གཞི། དམངས་གཉེར་དཔལ་འབྱོར། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ། སྐྱེ་ཁམས་གནས་སྐོར། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། ཁྱད་ལྡན་ཐོན་ལས་ལས་ཞུགས། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཕྱོགས་ནས་གསར་འགོད་པའི་དྲི་བར་ལན་བཏབ།

རིན་ཆེན་མཚོས་བསྒྱུར།