ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཏུང་དུ་རྟོག་ཞིབ་གནང་སྐབས། ཧྲན་ཏུང་གིས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་དུ་ངེས་གནས་ཡག་པོ་གཏན་འཁེལ་བྱེད་རྒྱུ་དང་གདུང་འདེགས་ཀྱི་ནུས་པ་འདོན་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། གནད་ལ་འཁེལ་བ་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་རྒྱུར་སྒུལ་ཤུགས་བསྣན་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་རྒྱུ་དང་མཉམ་འདྲེས་བྱེད་པའི་ཐད་མུ་མཐུད་དུ་ཀུན་གྱི་མདུན་གྲལ་དུ་བསྐྱོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསར་གཏོད་ནུས་པ་ཇེ་ཆེར་གཏོང་བའི་ཐད་ནས་ཀུན་གྱི་མདུན་གྲལ་དུ་བསྐྱོད་པ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་ཀུན་གྱི་མདུན་གྲལ་དུ་བསྐྱོད་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་མཐོ་ས་གསར་པ་བསྐྲུན་པ། ལྗང་མདོག་ཐཱན་ཉུང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་ཐོན་ཁུལ་མགྱོགས་མྱུར་ངང་འཛུགས་སྐྲུན་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་མཐོ་ས་གསར་པ་བསྐྲུན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཧྲན་ཏུང་གི་ལེའུ་འབད་པས་འབྲི་དགོས་ཞེས་ནན་གྱིས་གསུངས།
ཟླ5པའི་ཚེས22ཉིན་ནས་ཚེས24ཉིན་བར་དུ། ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིན་ཝུའུ་དང་ཧྲིན་ཀྲང་ཀྲིའུ་ནའེ་ཞང་གི་ཕེབས་རོགས་འོག་ཏུ། སྔ་རྗེས་སུ་རི་ཀྲའོ་དང་ཅི་ནན་སོགས་སུ་རྟོག་ཞིབ་གནང་།
ཟླ5པའི་ཚེས22ཉིན་ནས་ཚེས24ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཏུང་དུ་རྟོག་ཞིབ་གནང་། འདི་ནི་ཚེས22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་རི་ཀྲའོ་གྲུ་ཁ་རུ་གྲུ་ཁའི་ཚན་རྩལ་ལས་དོན་པ་དང་གཉེར་སྐྱོང་མི་སྣ། མཚོ་ཐོག་སྐྱེལ་འདྲེན་མི་སྣ་བཅས་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་བའི་རྣམ་པ་རེད།
ཚེས22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཐོག་མར་རི་ཀྲའོ་གྲུ་ཁར་གཟིགས་ཞིབ་གནང་བར་ཕེབས། རི་ཀྲའོ་གྲུ་ཁ་ནི་ནུས་ཁུངས་དང་རྒྱུ་ཆ་འབོར་ཆེན་བརྒྱུད་སྤྲོད་བྱེད་སའི་རྟེན་གཞི་གལ་ཆེན་ཞིག་ཡིན་པ་དང་། ཉེ་བའི་ལོ་འདི་དག་གི་རིང་ལ། བློ་གྲོས་ཅན་དང་ལྗང་མདོག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། འགྲམ་ངོགས་སུ་བགྲོད་པའི་སྒོ་འབྱེད་རྣམ་པའི་རང་འགུལ་ཅན་གྱི་དོས་སྒམ་གྲུ་ཁ་བསྐྲུན་ཡོད། ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་གྱི་གྲུ་ཁ་འཕེལ་རྒྱས་འཛུགས་སྐྲུན་དང་རི་ཀྲའོ་གྲུ་ཁའི་འཆར་འགོད་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ལ་གསན་པར་མ་ཟད། རང་འགུལ་ཅན་གྱི་དོས་སྒམ་གྲུ་ཁའི་ལས་སྒྲུབ་རྣམ་པར་ཞིབ་གཟིགས་གནང་། ཁོང་གིས་རི་ཀྲའོ་གྲུ་ཁ་ནི་བཅོས་སྒྱུར་སྒོ་འབྱེད་བྱས་རྗེས་གསར་དུ་བསྐྲུན་པའི་གྲུ་ཁ་ཞིག་ཡིན་པ་དང་། ཉེ་བའི་ལོ་འདི་དག་གི་རིང་ལ། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་ནས་སྲོལ་རྒྱུན་གྲུ་ཁ་དེང་རབས་ཅན་གྱི་གྲུ་ཁ་རུ་སྒྱུར་བཀོད་རིམ་སྤོར་བྱས་པའི་དབང་གིས། དངོས་ཟོག་འདོན་འཇུག་བྱེད་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པར་མ་ཟད། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་བྱས་པ་བརྒྱུད་དེ་གཞི་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ཉམས་མྱོང་ཡང་བསགས་ཡོད་པར་བརྟེན། གྲུབ་འབྲས་དེ་དག་ལ་ཁས་ལེན་བྱེད་འོས་པ་ཞིག་རེད་ཅེས་གསུངས། ཞི་ཅིན་ཕིང་གིས་གྲུ་ཁའི་ཚན་རྩལ་ལས་དོན་པ་དང་གཉེར་སྐྱོང་མི་སྣ། མཚོ་ཐོག་སྐྱེལ་འདྲེན་མི་སྣ་བཅས་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་། ཚང་མས་འབད་བརྩོན་ལྷོད་མེད་བྱས་ནས། རི་ཀྲའོ་གྲུ་ཁའི་དོ་དམ་གཉེར་སྐྱོང་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།
དེའི་རྗེས་སུ་ཞི་ཅིན་ཕིང་གིས་རི་ཀྲའོ་གྲོང་ཁྱེར་གྱི་ཉི་འོད་མཚོ་འགྲམ་གྱི་ལྗང་མདོག་ལམ་ལ་གཟིགས་ཞིབ་གནང་། ཉེ་བའི་ལོ་འདི་དག་གི་རིང་ལ། རི་ཀྲའོ་གྲོང་ཁྱེར་གྱིས་མཚོ་རྒྱུད་ཀྱི་ཐང་རྒོད་དང་དེ་བཞིན་མཚོ་འགྲམ་གྱི་ཉམས་ཞན་ས་ཆའི་སྐྱེ་ཁམས་སླར་གསོ་བྱས་ནས། རིང་ཚད་ལ་སྤྱི་ལེ28ཙམ་ཡོད་པའི་ཉི་འོད་མཚོ་འགྲམ་གྱི་ལྗང་མདོག་བགྲོད་ལམ་བསྐྲུན་ནས། གྲོང་མི་དང་ཡུལ་སྐོར་པར་ལུས་རྩལ་སྤྲོ་གསེང་བྱེད་ས་ཡག་པོ་ཞིག་མཁོ་འདོན་བྱས་ཡོད། ཞི་ཅིན་ཕིང་གིས་ལྗང་མདོག་བགྲོད་ལམ་ཧྲིལ་པོ་འཛུགས་སྐྲུན་བྱས་པའི་གནས་ཚུལ་ངོ་སྤྲོད་ལ་གསན་པ་དང་། སླར་གསོ་བཅོས་སྐྱོང་བྱས་རྗེས་ཀྱི་མཚོ་འགྲམ་གྱི་སྐྱེ་ཁམས་ཁོར་ཡུག་ལ་ཞིབ་གཟིགས་གནང་བ་ལས་གཞན། ས་གནས་དེ་གའི་རིག་གནས་ཡུལ་སྐོར་ཐོན་ལས་རིམ་སྤོར་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་བའི་བྱེད་སྟངས་དང་ཕན་འབྲས་ལ་རྒྱུས་ལོན་ཞིབ་མོ་གནང་བར་མ་ཟད། གྲོང་མི་དང་ཡུལ་སྐོར་པ་དང་ལྷན་དུ་བྱམས་བརྩེའི་ངང་དགོངས་འཆར་བརྗེ་རེས་གནང་། ཁོང་གིས་ལྗང་མདོག་བགྲོད་ལམ་བསྐྲུན་རྒྱུ་དེ་གྲོང་མིའི་དགོས་མཁོ་དང་འཚམ་པ་ཞིག་ཡིན་པ་དང་དམངས་སེམས་འགུག་པའི་ལས་དོན་ཞིག་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་མདོར་དེད་ནས་བཤད་ན་མི་དམངས་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་རྒྱུ་དེ་ཡིན། སྐྱེ་ཁམས་ཁོར་ཡུག་བཟང་ན་གཞི་ནས་མི་དམངས་མང་ཚོགས་རྣམས་ཀྱི་བདེ་སྐྱིད་ཀྱི་ཚོར་བ་དོངས་སུ་སྔར་ལས་ཇེ་དྲག་ཏུ་འགྲོ་ཐུབ། ཚང་མས་ལག་པ་མཉམ་འགུལ་བྱས་ཏེ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་དང་དེར་གཅེས་སྐྱོང་བྱེད་དགོས་ཞེས་གསུངས།
ཚེས24ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཅི་ནན་གྲོང་ཁྱེར་དུ་ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་ནས། ཧྲན་ཏུང་གི་བྱ་བ་སྣ་ཚོགས་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་།
ཞི་ཅིན་ཕིང་གིས་ཧྲན་ཏུང་གིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་བ་བཅས་ཀྱི་ཐད་ནས་བྱས་རྗེས་ཆེན་པོ་བཞག་ཡོད། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམ་པོར་དམིགས་ཏེ། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་དང་མཐོར་འདེགས་གཏོང་རྒྱུ་དང་། གསར་དར་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བྱེད་པ། འབྱུང་འགྱུར་ཐོན་ལས་སྔོན་བརྒལ་བཀོད་སྒྲིག་བཅས་ལ་གཅིག་གྱུར་སྒོས་སྐུལ་འདེད་བཏང་ནས། དངོས་ཕུང་དཔལ་འབྱོར་དང་གཞི་གྲངས་དཔལ་འབྱོར་མཉམ་འདྲེས་ཀྱི་ཕན་ནུས་ཁྱོན་ཡོངས་ནས་འདོན་གང་ཐུབ་བྱེད་པ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ལྗང་མདོག་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚན་རྩལ་གསར་གཏོད་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ས་ཁོངས་མཐུན་སྦྱོར་ངང་གོང་དུ་སྤེལ་བའི་འཐབ་ཇུས་དང་འབྲེལ་མཐུད་གཏིང་ཟབ་བྱས་ཏེ། བྱང་ཕྱོགས་ས་ཁུལ་གྱི་དཔལ་འབྱོར་འཕར་སྣོན་གྱི་སྣེ་གལ་ཆེན་ཞིག་ཏུ་འགྱུར་བར་འབད་འབུངས་བྱེད་དགོས། རྒྱ་མཚོའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཐུན་མིན་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱ་མཚོར་བརྟེན་ནས་སྟོབས་ལྡན་ཡོང་བར་འབད་ནས། འཛམ་གླིང་རིམ་པའི་རྒྱ་མཚོའི་གྲུ་ཁ་ཁྱུ་ཚོགས་བསྐྲུན་ཏེ། དེང་རབས་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མཐོ་ས་བསྐྲུན་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཧྲན་ཏུང་གིས་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་ཐད་བློ་སྟོབས་ཆེན་པོས་ཀུན་གྱི་སྔོན་ལ་བརྩོན་ལེན་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་འགལ་བ་མངོན་གསལ་ཅན་ཐག་གཅོད་བྱ་རྒྱུར་འབད་བརྩོན་བྱེད་རྒྱུ་དང་། ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ། ལམ་སྲོལ་འཐུས་ཚང་དུ་གཏོང་བ། གསོན་ཤུགས་འཕེལ་བར་བྱེད་པ། སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐད་ལ་སྟོབས་ཤུགས་གང་ཡོད་འདོན་དགོས། རྒྱལ་སྤྱིའི་ཟོང་འགྲེམ་བགྲོད་ལམ་ཆེན་མོ་འབད་པས་བསྐྲུན་ནས། རང་མོས་ཉོ་ཚོང་ཁུལ་གྱི་མཉམ་འགུལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་དང་། ལམ་ལུགས་རྣམ་པའི་སྒོ་འབྱེད་དཔེ་སྟོན་ཁུལ་ཡག་པོ་འཛུགས་པ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་སིམ་འདྲེས་ཡོང་བར་བྱེད་པ་བཅས་བྱས་ཏེ། རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་ཀྱི་ནུས་མཐོའི་སྟེགས་བུ་གལ་ཆེན་བསྐྲུན་ནས། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་གེགས་མེད་ཡོང་བའི་མཚམས་ཚིགས་གལ་ཆེན་ཞིག་ཏུ་འགྱུར་བར་རྩེ་གཅིག་ཏུ་འབད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཧྲན་ཏུང་ནི་ཞིང་ལས་ཀྱི་ཞིང་ཆེན་ཆེན་པོ་དང་འབྲུ་རིགས་ཀྱི་ཞིང་ཆེན་ཆེན་པོ་ཡིན་པའི་དབང་གིས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་པའི་ཐད་འགན་འཁྲི་ཆེན་པོ་འཁུར་ཡོད། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཟབ་སྤེལ་གཏོང་བ་དང་། གྲོང་གསེབ་དར་སྤེལ་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། གྲོང་ཚོའི་འཆར་འགོད་བཟོ་བཀོད་ཀྱི་སྤུས་ཚད་དང་ཕན་འབྲས་མངོན་སུམ་གྱིས་ཇེ་ཆེར་གཏོང་བ། དེང་རབས་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་དང་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་འཕེལ་རྒྱས་གང་ལེགས་གཏོང་བ། ཐོན་ལས་ཕྲེང་འབྲེལ་སྔར་ལས་ཇེ་རིང་དུ་གཏོང་བ་དང་རིན་ཐང་ཕྲེང་འབྲེལ་སྔར་ལས་ཇེ་མཐོར་གཏོང་དགོས། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། འབྲུ་རིགས་ཀྱི་ཐོན་འབབ་འཕར་སྣོན་དང་སྤུས་ཚད་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་བ། ཆུ་ཚད་སྔར་ལས་མཐོ་བའི“ཆི་ལུའུ་འབྲུ་མཛོད”འཛུགས་སྐྲུན་བཅས་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། མཉམ་དུ་ཕྱུག་པོར་འགྱུར་བའི་ཐབས་ལམ་རྒྱ་སྐྱེད་བཏང་ནས། ཞིང་ལས་ཀྱི་ཕན་འབྲས་མཐོར་གཏོང་དང་ཞིང་པའི་ཡོང་འབབ་འཕར་སྣོན། གྲོང་གསེབ་ཀྱི་གསོན་ཤུགས་རྒྱས་པ་བཅས་ལ་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི“ཧྥིན་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཏང་འཛུགས་སྐྲུན་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པའི་ནུས་པ་ཇེ་ཆེར་གཏོང་བ་དང་། གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ། གྲོང་གསེབ་འཆམ་མཐུན་བརྟན་བརླིང་དང་མང་ཚོགས་བདེ་སྡོད་ལས་བརྩོན་གྱི་རྣམ་པ་བཟང་པོ་སྔར་ལས་སྲ་བརྟན་དུ་གཏོང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཧྲན་ཏུང་གིས་དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་འཁུར་ནས་རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། རིག་གནས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་རིག་འཛུགས་སྐྲུན་བཅས་བྱེད་པའི་ཐད་ནས་བྱ་སྤྱོད་ཧུར་ཐག་སྤེལ་དགོས། རིག་གནས་ལ་ཡིད་ཆེས་བརྟན་པོ་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་སྔོག་འདོན་ཟབ་སྤེལ་བྱས་ཏེ། གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། རྒྱལ་སྤྱིའི་ཁུང་ཙིའི་རིག་གནས་དུས་ཆེན་སོགས་གཞི་རྟེན་དུ་བྱས་ཏེ། ཤེས་རིག་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་སྔར་ལས་ཟབ་སྤེལ་བཏང་ནས། ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་མངོན་སུམ་དུ་ཆེ་རུ་གཏོང་དགོས། དམར་པོའི་ཐོན་ཁུངས་ལ་སྲུང་སྐྱོབ་དང་དེ་བེད་སྤྱོད་ཡག་པོ་བྱས་ཏེ། དབྱི་མོང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས། དམར་པོའི་གཞི་རྒྱུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཡོངས་ཁྱབ་ངང་ལག་བསྟར་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་རྒྱུན་མཐུད་ངང་ཟབ་སྤེལ་གཏོང་བ། གྲོང་གསེབ་ཀྱི་གོམས་སྲོལ་བཅོས་སྒྱུར་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ། དེང་རབས་ཀྱི་དཔལ་ཡོན་གྱི་འདུ་ཤེས་གྲོང་གསེབ་ཏུ་རྩ་བ་བརྟན་པོ་ཚུགས་པར་འབད་དགོས། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བ་དང་། རིག་གནས་དམངས་ཕན་བཟོ་སྐྲུན་གསར་གཏོད་ལག་བསྟར་བྱེད་པ། རིག་གནས་གཞི་གྲངས་ཅན་དུ་འགྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་པ་དང་དེའི་ཕན་འབྲས་མངོན་སུམ་ཆེ་རུ་གཏོང་བ། ཡུལ་སྐོར་སྤྲོ་གསེང་གི་ནང་སྙིང་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་ལ་དྲང་བདེན་དང་གསོན་ཤུགས་འཕེལ་བར་བྱེད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་སྐབས་ངེས་པར་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཏང་འཛུགས་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས། ཏང་ཡོངས་སུ་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ནི་ད་ལོའི་ཏང་འཛུགས་ལས་དོན་གྱི་ལས་འགན་གཙོ་བོ་ཞིག་ཡིན་པས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རྩ་འཛུགས་ཞིབ་ཚགས་དང་སྐུལ་འདེད་ཏན་ཏིག་གཏོང་བ། ཕན་འབྲས་དངོས་ཐོན་ཐུབ་པ་བཅས་བྱེད་དགོས། ཉེན་བརྡའི་སློབ་གསོར་ཤུགས་བསྣན་ནས། གྱོད་དོན་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་གྱོད་དོན་ལ་བརྟེན་ནས་སྒྲིག་ཁྲིམས་འཆད་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ། སེམས་ནས་སྒྲིག་ཁྲིམས་ལ་གུས་ཞེད་བྱེད་པ་དང་ལག་ལེན་གྱི་སྐབས་སུ་སྒྲིག་ཁྲིམས་འདི་ཉིད་ཚད་ཤིང་དུ་འགྱུར་བར་འབད་དགོས། ཏང་ཡོན་དང་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་དང་ལག་བསྟར་བྱ་རྒྱུར་ཁྲིད་སྟོན་གང་ལེགས་བྱས་ཏེ། སྒྲིག་སྲོལ་བརྩི་སྲུང་དང་སྒྲིག་སྲུང་གི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། བློ་བདེ་བག་ཕེབས་ཀྱི་སྒོ་ནས་བྱ་བ་སྒྲུབ་པ་དང་བློ་བདེ་བག་ཕེབས་ཀྱི་ངང་ནས་ལས་དོན་གཉེར་བ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ་བཅས་བྱས་ནས། མི་དམངས་དང་དུས་རབས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་འཇོག་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བཟུང་སྟེ། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་རྒྱུན་མཐུད་ངང་ཟབ་སྤེལ་བཏང་ནས། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་གཞི་རིམ་ལས་བྱེད་པས་ལས་སྒྲུབ་ལས་སྐྲུན་བྱེད་པར་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་རིམ་པོ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་གང་ལེགས་བྱས་ནས། དངུལ་རྩའི་སྒྲིག་གཞི་ཆུང་འབྲིང་དང་ས་གནས་སྲིད་གཞུང་གི་བུ་ལོན། ས་ཁང་བདག་ཁོངས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སེལ་ལས་དོན་དམ་འཛིན་ནན་མོ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་ཞིབ་མོ་བྱེད་པ། ཆུ་ལོག་སོགས་ཀྱི་གནོད་འཚེ་སྔ་མོ་ནས་སྔོན་འགོག་བྱེད་པ། ཁྱབ་ཁོངས་སོ་སོའི་བདེ་འཇགས་འགལ་རྐྱེན་གྱི་གྲལ་བཤེར་དང་བཅོས་སྒྲིག་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ། ཉེན་ཁ་མ་ཐོན་སྔོན་ལ་སྔོན་འགོག་ནན་མོ་བྱས་ནས། བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས་ཞེས་ནན་གྱིས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་ཡིས་རྟོག་ཞིབ་གནང་རོགས་བྱས།
ལིས་ཀན་ཅེ་དང་ཧི་ལིས་ཧྥིན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་རྟོག་ཞིབ་གནང་རོགས་བྱས།
ཟླ5པའི་ཚེས22ཉིན་ནས་ཚེས24ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཏུང་དུ་རྟོག་ཞིབ་གནང་། འདི་ནི་ཞི་ཅིན་ཕིང་གིས་ཅི་ནན་དུ་སྡོད་པའི་དམག་དཔུང་གི་ཧྲང་ཞའོ་རིམ་པ་ཡན་གྱི་ལས་བྱེད་པར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་། ཁོང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ། ཅི་ནན་དུ་སྡོད་པའི་དམག་དཔུང་གི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་གནང་བའི་རྣམ་པ་རེད།
ཟླ5པའི་ཚེས23ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཅི་ནན་དུ། ཅི་ནན་དུ་སྡོད་པའི་དམག་དཔུང་གི་ཧྲང་ཞའོ་རིམ་པ་ཡན་གྱི་ལས་བྱེད་པར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་། ཁོང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ། ཅི་ནན་དུ་སྡོད་པའི་དམག་དཔུང་གི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་གནང་བར་མ་ཟད། ཚང་མ་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན། ཀྲང་ཡིའུ་ཞ་ཡིས་མཇལ་འཕྲད་གནང་རོགས་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།