ཏེན་ཞུའེ་ཞང་གཞི་གྲངས་ཀྲུང་གོ་འཛུགས་སྐྲུན་ཀྱི་རྩེ་ཚོགས་སྐབས་བདུན་པའི་འགོ་རྩོམ་མཛད་སྒོར་ཞུགས།
2024.05.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ5པའི་ཚེས24ཉིན། གཞི་གྲངས་ཀྲུང་གོ་འཛུགས་སྐྲུན་རྩེ་ཚོགས་སྐབས་བདུན་པ་ཧྥུའུ་ཀྲོའུ་རུ་འཚོགས་འགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་འགོ་རྩོམ་མཛད་སྒོར་ཞུགས་ནས་བརྗོད་དོན་གསུང་བཤད་གནང་།

ཏེན་ཞུའེ་ཞང་གིས་གཞི་གྲངས་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སྟེང་དངོས་སུ་སྤར་ནས། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། གཞི་ནས་གཞི་གྲངས་ཀྲུང་གོ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཅན་བླངས་ཡོད། མིག་སྔར་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་སྒྱུར་གྱི་རེས་སྐོར་གསར་པ་འཕེལ་རྒྱས་ཟབ་སྤེལ་གཏོང་བཞིན་ཡོད་ཅིང་། གཞི་གྲངས་ཅན་གྱི་རླབས་རྒྱུན་འཛམ་གླིང་ཡོངས་སུ་ཁྱབ་པར་བྱས་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་གྲུབ་པར་བྱེད་པ་དང་འཕེལ་རྒྱས་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བཞིན་ཡོད། གཞི་གྲངས་ཀྲུང་གོ་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་བཏང་ནས། རང་རྒྱལ་གྱི་གྲངས་འབོར་ཆེ་བའི་གཞི་གྲངས་དང་ཕུན་སུམ་ཚོགས་པའི་ཉེར་སྤྱོད་ཡུལ་ལྗོངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་གཞི་གྲངས་རྒྱུ་རྐྱེན་གྱི་རིན་ཐང་ཕྱིར་འདོན་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ནུས་པ་གལ་ཆེན་བཏོན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་དང་དགེ་མཚན་གསར་པ་བསྐྲུན་དགོས་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།