ཀྲུང་གོ་དང་ཡོ་རོབ་དབུས་ཤར་མཉམ་ལས་རྒྱལ་ཁབ་ཀྱི་མཐུན་སྦྱོར་པའི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་ཉིང་པའོ་རུ་འཚོགས།
2024.05.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ5པའི་ཚེས24ཉིན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་མཉམ་ལས་དྲུང་ཡིག་ཁྲུའུ་ཡི་དྲུང་ཡིག་ཆེན་མོ་ཏིན་ལིས་ཀྱིས་ཉིང་པའོ་རུ། ཀྲུང་གོ་དང་ཡོ་རོབ་དབུས་ཤར་མཉམ་ལས་རྒྱལ་ཁབ་ཀྱི་མཐུན་སྦྱོར་པའི་ཚོགས་འདུ་ཐེངས་བཅོ་བརྒྱད་པར་འགོ་འཛིན་བྱས་པ་དང་། ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཐུན་སྦྱོར་པའམ་ཡང་ན་འཐུས་མི་ཐེངས་འདིའི་ཚོགས་འདུར་ཞུགས།

ཏིན་ལིས་ཀྱིས་མིག་སྔའི་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་འོག་ཏུ། ཕྱོགས་ཁག་སོ་སོས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་གཙོ་གནད་དུ་བཟུང་ནས། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་རྒྱུར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་མཉེན་ཆ་དང་ནང་གནས་སྒུལ་ཤུགས་མངོན་གང་ཐུབ་བྱས་ཏེ། ཕྱོགས་ཡོངས་དང་རིམ་པ་མང་བ། ཁྱབ་ཁོངས་རྒྱ་ཆེ་བ་བཅས་ཀྱི་མཉམ་ལས་རྣམ་པ་སྔར་ལས་སྲ་བརྟན་དུ་གཏོང་དགོས། ཉིན་འགའི་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་རོབ་ཏུ་གྲུབ་འབྲས་ཀྱིས་གཏམས་པའི་འཚམས་འདྲི་གནང་བ་དེའི་སྟེང་ནས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་དབུས་ཤར་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་གང་ལེགས་བྱེད་ཀྱིན་པ་མཚོན་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་དབུས་ཤར་རྒྱལ་ཁབ་དང་མཉམ་དུ། མཉམ་ལས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོར་སྟངས་འཛིན་གང་ལེགས་བྱེད་པ། མཉམ་དུ་གྲོས་མོལ་དང་མཉམ་སྐྲུན་མཉམ་སྤྱོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་དེ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། གཉིས་ཕན་གཉིས་རྒྱལ་བཅས་ཀྱི་མཉམ་ལས་སྟེགས་བུ་ཞིག་ཏུ་བསྐྲུན་ནས། ཕྱོགས་གཉིས་ཀའི་འབྲེལ་བ་དང་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱེད་འདོད་ཡོད་ཅེས་བསྟན།

རྒྱལ་ཁབ་སོ་སོའི་འཐུས་མིས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱིས་ཕྱོགས་གཉིས་ཀའི་འབྲེལ་བ་དང་། ཀྲུང་གོ་དང་ཡོ་རོབ་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་འདོན་སྤེལ་བྱས་པའི་ནུས་པ་བཟང་བོར་གདེང་འཇོག་གང་ལེགས་བྱས་པ་དང་། གོ་སྐབས་དམ་འཛིན་དང་འགྲན་སློང་ཁྱད་སེལ། འབྲེལ་གཏུག་ལ་ཤུགས་སྣོན་པ། སྒྲིག་སྲོལ་རང་བཞིན་གྱི་བྱེད་སྒོ་ཡག་པོར་སྤེལ་བ། ལམ་སྲོལ་འཛུགས་སྐྲུན་སྔར་ལས་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས། དཔལ་འབྱོར་ཚོང་དོན་དངུལ་གཏོང་དང་ཕན་ཚུན་འབྲེལ་མཐུད། རིམས་ནད་ཞིབ་བཤེར་། ལྗང་མདོག་ཐོན་ལས། ནུས་ཁུངས། མི་གཞུང་རིག་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་གཙོ་གནད་དུ་བཟུང་ནས་སྐུལ་འདེད་གཏོང་འདོད་ཚུལ་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།