ས་དེའི་དུས་ཚོད་ཚེས26ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧྲིའུ་ཨར་དུ་ཧན་གོའི་སན་ཞིན་སྡེ་ཚོགས་ཀྱི་ཚོགས་གཙོ་ལིས་ཙེ་རུང་ལ་ཐུག་འཕྲད་བྱས།
ལིས་ཆང་གིས་བསྟན་དོན། དཔལ་འབྱོར་ཚོང་དོན་མཉམ་ལས་ནི་ཀྲུང་ཧན་འབྲེལ་བའི་གནོན་རྡོ་ལྟ་བུ་ཡིན། ཀྲུང་གོ་དང་ཧན་གོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་གཅིག་ལ་གཅིག་འབྲེལ་དུ་ཡོད་པ་དང་། ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ཁེ་ཕན་ཐུན་མོང་ཚོགས་པ་གྲུབ་ཡོད། སན་ཞིན་གྱིས་ཀྲུང་གོར་མཉམ་ལས་བྱེད་པ་ནི་ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་རྒྱལ་དང་མཉམ་ལས་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་བསྡུས་གཟུགས་ཤིག་ཡིན། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་རྩེར་སོན་བཟོ་སྐྲུན་དང་། གཞི་གྲངས་དཔལ་འབྱོར། མིས་བཟོས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས་ཀྲུང་གོ་དང་ཧན་གོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་གཉིས་ཕན་མངོན་འགྱུར་ཡོང་བའི་རེ་བ་ཡོད། ཀྲུང་གོའི་ཁྲོམ་ར་ཆེན་པོ་ཐོག་མཐའ་བར་གསུམ་དུ་ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ལ་སྒོ་འབྱེད་རྒྱུ་དང་། སན་ཞིན་སོགས་ཧན་གོའི་ཁེ་ལས་ཀྱིས་མུ་མཐུད་དུ་ཀྲུང་གོར་དངུལ་གཏོང་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།
ལིས་ཙེ་རུང་གིས་ཀྲུང་གོ་སྲིད་གཞུང་གིས་སན་ཞིན་གྱིས་ཀྲུང་གོ་རུ་ཐོན་སྐྱེད་ཚོང་གཉེར་བྱེད་པར་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སན་ཞིན་གྱིས་ཀྲུང་གོ་རུ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་ཀྲུང་གོ་མི་དམངས་ཀྱིས་དགའ་ཞེན་བྱེད་པའི་ཁེ་ལས་ཤིག་ཏུ་འགྱུར་བར་ཤུགས་བསྣན་ཏེ་ཧན་གོ་དང་ཀྲུང་གོའི་གཉིས་ཕན་མཉམ་ལས་ལ་མུ་མཐུད་དུ་རང་ཉིད་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཟེར།
ཝུའུ་ཀྲིན་ལུང་གོང་གི་བྱེད་སྒོར་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།